ནད་ཡམས་བཟློག་ཐབས་ཀྱི་ སྐུ་རིམ་གནང་པའི་བསྒང་།

ནད་ཡམས་བཟློག་ཐབས་ཀྱི་ སྐུ་རིམ་གནང་བཞིན་དུ་ཡོདཔ།

༉ ད་རེས་ནངས་པར་ རྒྱལ་ཁམས་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ ཁྱབ་སྤེལ་འགྱོ་བའི་བསྒང་ཡོདཔ་ལས་ རང་ཟླ་༡༡ པའི་ཚེས་༩ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ དམིགས་བསལ་དུ་ ནད་ཡམས་བཟློག་ཐབས་ཀྱི་ སྐུ་རིམ་གནང་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ གྲྭ་ཚང་དང་ རབ་སྡེ་ ཆོས་སྡེ་ཁག་ཚུ་ནང་ སྐུ་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

དེ་ཡང་ རྡོར་སེམས་དང་ རྣམ་འཇོམས་ ཁྲུས་ཀྱི་ལྷ་གང་རུང་སྒོ་ནས་ བུམ་སྒྲུབ་ཀྱི་གཟུངས་སྔགས་ ཁྲི་ལས་མ་ཉུང་བར་བཟླས་ཏེ་ རི་ཀླུང་ཁྲུས་གསོལ་གང་མང་ གནང་དགོཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ གསུང་ཆོགཔ་ ཞལ་གྲངས་ཉུང་སུའི་སྒོ་ལས་ ནང་གི་སྔགས་དང་ དམིགས་པ་ཆེར་བསྐྱེད་དེ་ ཞི་བའི་སྦྱིན་སྲེག་ཉིནམ་༣ ལས་༧ ཚུན་ ལྕོགས་གྲུབ་དང་བསྟུན་ཏེ་ གནང་དགོ་པའི་ཁར་ མི་མང་ཡོངས་ལས་ སྨན་བླ་དང་ མ་ཎི་ བཛྲ་གུ་རུ་ཚུ་ མ་ཡེངས་པར་བགྱང་དགོ་པའི་ དྲན་བསྐུལ་གནངམ་ཨིན་ཟེར་ བཀའ་རྒྱ་ནང་བཀོད་ནུག།

དེ་འབདཝ་ལས་ རང་ཟླ་༡༡ པའི་ཚེས་༡༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་འདུན་ཞལ་གྲངས་༡༥ གིས་ སྤུངས་ཐང་དོམ་ལ་དགོན་པ་ རྒན་བཞུགས་སྐྱིད་པའི་གླིང་གི་ས་ཁོངས་ནང་ ནད་ཡམས་ཉེན་འཚུབ་འཕྲལ་མྱུར་ཞི་ཐབས་ལུ་ དཔལ་འཁོར་ལོ་སྡོམ་པའི་ ཞི་བའི་སྦྱིན་སྲེག་ ཉིན་གྲངས་༣ གྱི་རིང་གནང་བཞིན་དུ་ཡོད་ཟེར་ཨིན་པས།

གཞུང་གྲྭ་ཚང་གིས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ ས་ཁོངས་དེ་ཁར་ འགོ་འདྲེན་འཐབ་དགོས་པའི རྒྱུ་མཚན་དེ་ སྦྱིན་སྲེག་དང་ བསངས་མཆོད་ལ་སོགས་པ་ རི་ཁྲོད་དང་ གངས་མཐོ་བ་རྣམས་སུ་གནང་པ་ཅིན་ ཕན་ཡོན་ཆེ་ནི་དེ་གིས་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤུངས་ཐང་བདེ་བ་ཆེན་པོའི་ འདུ་ཁང་ཆེན་མོའི་ནང་ ནད་ཡམས་འཕྲལ་མྱུར་ཞི་ཐབས་སུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ དཔལ་ལྡན་ལྷ་མོའི་ འབག་ཆོག་དང་ གཏོར་ཅུང་བརྒྱ་ཚར་ དགེ་འདུན་ཀུན་དགའ་ར་བའི་ནང་ ལས་ཚོགས་སློབ་དཔོན་གྱིས་ དབུ་བཞུགས་ཐོག་ལས་ ཞལ་གྲངས་༡༠༠ གིས་ སངས་རྒྱས་སྨན་བླའི་ སྐུ་རིམ་སྒྲུབ་གནང་ནུག།

ད་རེས་ནངས་པར་ ལྷུན་རྩེ་ཨའུ་མཚོ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ སངས་རྒྱས་སྨན་བླའི་སྒྲུབ་ཆེན་ འགོ་བཙུགས་ཡོདཔ་ལས་ མི་མང་རྒན་གཞོན་བར་གསུམ་ག་ར་གིས་ སངས་རྒྱས་སྨན་བླའི་མཚན་སྔགས་ ག་དེ་མང་མང་བསག་དགོ་པའི་ཁར་ སྨོན་ལམ་བཏབ་སྟེ་ བཀྲིན་བསྐྱང་གནང་ཟེར་ གཞུང་གྲྭ་ཚང་གིས་ དྲན་བསྐུལ་འབདཝ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *