ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་ འགན་ཁུར་འབག་དགོཔ།

༉ ད་རེས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ འཚུབས་ཆེ་སུཝ་ཅིག་སྦེ་ ཁྱབ་སྤེལ་འགྱོ་མི་དང་བསྟུན་ འབྲུག་མི་ཡོངས་ཀྱིས་ སེམས་བག་ཡེངས་མ་ཤོར་བར་ གསོ་བའི་སྒྲིག་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ ནད་ཡམས་བཀག་ཐབས་འབད་ནིའི་ འགན་ཁུར་འབག་དགོཔ་འདུག་ཟེར་ཞུ་ནི།

མི་དབང་མངའ་ཞབས་མཆོག་གིས་འབད་རུང་ ང་བཅས་ར་ འབངས་མི་སེར་ཚུ་ལུ་ ཐུགས་ཀྱི་བརྩེ་བ་དང་ ཚ་གྱང་བཞེས་ཏེ་ ནད་ཡམས་ཁྱབ་སྤེལ་འགྱོ་མི་བཅུག་ནི་དང་ བཀག་འཛིན་འབད་ནིའི་དོན་ལུ་ བཀའ་སློབ་དང་ ལམ་སྟོན་ དེ་ལས་ ཐབས་ལམ་ཚུ་ མ་བཏུབ་བཏུབ་སྦེ་ བཏོན་གནངམ་ད་ བཀའ་དྲིན་དགའ་ཚོར་བསམ་དགོཔ་མ་ཚད་ འབྲུག་མི་རེ་རེ་བཞིན་དུ་གིས་ འཐུས་མ་ཤོར་བར་ རང་དང་བསྟུན་པའི་ འགན་ཁུར་འབག་ནི་དེ་ གལ་ཆེ་བས་ཟེར་ཞུ་ནི།

ལྷག་པར་དུ་ དུས་ཚོད་འཚུབས་ཅན་ འ་ནེམ་ཅིག་ཁར་ འབྲུག་མི་ཡོངས་ཀྱིས་ མི་དབང་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ ཐུགས་དོན་ཚུ་ ཡིད་བཞིན་དུ་འགྲུབ་བཅུག་ཟེར་བའི་ སྨོན་ལམ་བཏབ་ནི་དེ་ཡང་ ཁག་ཆེ་བས་ཟེར་ཞུ་ནི།

ད་རེས་ འགྲོ་འགྲུལ་བཀག་དམ་སྐབས་ གལ་སྲིད་ མི་ཕུད་རྡོག་གཅིག་གིས་ར་ འཐུས་ཤོར་འབྱུང་སྟེ་འབད་རུང་ མི་སྡེའི་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཞུ་ནི།

དེ་ཡང་ དཔེ་འབད་བ་ཅིན་ ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལུ་ སྒྲིག་གཞི་དང་ལམ་ལུགས་ལུ་ གནས་མ་བཏུབ་མི་ཅིག་གིས་ ཡུདཔ་ཐེངས་ཅིག་ནང་ར་ ཆ་རོགས་དང་ གཉེན་ཉེཝ་ཚུ་གི་ ཁྱིམ་ནང་ལས་ཕར་སོང་སྟེ་ ཉེན་ཁ་བཀལ་དོ་བཟུམ་ཅིག་ཨིན་ཟེར་ཞུ་ནི།

འགྲོ་འགྲུལ་བཀག་དམ་འབད་བའི་ དུས་འཚུབས་འདི་ནང་ ག་ར་འབད་རུང་ རྒྱལ་ཁབ་ཀྱི་ཞབས་ཏོག་དང་ སྐུ་རིམ་བཟུམ་ཅིག་སྦེ་ རང་སོའི་ཁྱིམ་ནང་སྡོད་དེ་ ཁ་ཐུན་དགེ་སྦྱོར་ལུ་ ག་དེ་དྲག་དྲག་ བརྩོན་གནང་པ་ཅིན་ ང་བཅས་ར་ འབྲུག་མི་ཡོངས་ཀྱི་ སྤྱི་མཐུན་བསོད་ནམས་ལུ་བརྟེན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ཚུགས་ནི་དང་ རང་བཞིན་གྱིས་ ཞི་ཐབས་འབད་ཚུགས་པའི་ ཕན་ནུས་ཡོད་ཟེར་ཞུ་ནི།

འདི་མ་ཚད་ ད་རེས་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ བཟའ་ཚང་ཚུ་དང་གཅིག་ཁར་ ཁྱིམ་ནང་སྡོད་ནིའི་གོ་སྐབས་ཐོབ་ད་ སེམས་བག་ཡེངས་ཐོག་ལུ་ སྡོད་ནི་མེན་པར་ ཁ་ཐུན་གཏང་ནི་དང་ ཕྱག་འབུམ་བཏོན་ནི་ མ་ནི་དང་ བཛྲ་གུ་རུ་ དེ་ལས་ སངས་རྒྱས་སྨན་བླའི་ གཟུངས་སྔགས་ཚུ་བགྱང་ནི་ལུ་ གཙོ་བོར་བཏོན་པ་ཅིན་ སྤྱིར་བཏང་རྒྱལ་ཁབ་ཀྱི་ སྐུ་རིམ་སྒྲུབ་དོ་བཟུམ་ཅིག་ཨིན་པའི་ཁར་ ལྷག་པར་དུ་ རང་སོའི་ བཟའ་ཚང་ནང་མི་ཚུ་འབད་རུང་ ནད་ཡམས་འཐོབ་ནི་ལས་ བཀག་ཐབས་འབད་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ཞུ་ནི།

གྲྭ་ཚང་ཆོས་སྡེའི་ ཁ་ཐུག་ལས་འབད་རུང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་གཙོས་པའི་ འཕགས་པའི་དགེ་འདུནམ་ཚུ་གིས་ རྒྱལ་ཁབ་ཀྱི་ སྐུ་རིམ་ཚུ་ མ་བཏུབ་བཏུབ་སྦེ་ སྒྲུབ་གནང་དོ་ཡོདཔ་མ་ཚད་ རི་ལུང་ཚུ་ནང་ བསངས་མཆོད་དང་ ཁྲུས་གསོལ་ཚུ་གནང་པའི་ཁར་ ཞི་བའི་སྦྱིན་སྲེག་དང་ རྫོང་ཁག་༢༠ ནང་ སངས་རྒྱས་སྨན་བླ་ལུ་ གཙོ་བོར་བཏོན་ཏེ་ སྐུ་རིམ་བསྒྲུབས་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོདཔ་མ་ཚད་ འཕྲལ་མགྱོགས་ར་ ནད་ཡམས་འདི་ ཞི་ཐབས་འབད་ཚུགས་པའི་ སྨོན་འདུན་ཡོད་ཟེར་ ཞུ་ནི་ཨིན།

ཀུན་དགའ་རྣམ་རྒྱལ།

ཐིམ་ཁྲོམ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *