ནད་ཡམས་ཀྱི་ གནས་སྟངས་ནང་ གོ་སྐབས་ལེནམ་ཨིན་ན?

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༢༠ འི་ སློབ་དུས་དེ་ ཡོངས་རྫོགས་སྦེ་ ལག་ལེན་འཐབ་མ་ཚུགས་རུང་ སྒེར་གྱི་སློབ་གྲྭ་ཚུ་གིས་ འཐུས་ཐེབས་ལེན་མི་ལུ་ ཕམ་ཚུ་ལས་ ཉོགས་བཤད་བཀོད་ནི་ འགོ་བཙུགས་ནུག། 

ཉོགསབཤད་བཀོད་མིའི་ གནད་དོན་གཙོ་བོ་ར་ སློབ་དུས་ཕར་འགྲངས་འབད་རུང་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་གི་དོན་ལས་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་འཐུས་ དངུལ་ཀྲམ་ས་ཡ་༣༠ མ་ལངམ་ཅིག་ ཐེབས་སྤྲོད་མི་དེ་གིས་ ཟད་འགྲོ་རང་གིས་བཏང་སྟེ་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་གི་ ཕམ་ཚུ་ལུ་ ཐོ་ཕོག་མི་ལུ་བརྟེན་ཨིན་མས།

ཤེས་རིག་ལྷན་ཁག་གིས་ སློབ་གཉེར་གྲོགས་རམ་ཐོབ་མི་ སློབ་ཕྲུག་ཚུ་ལུ་ སློབ་གྲྭའི་འཐུས་ ཐེབས་མ་སྤྲོད་མི་ལུ་ གཞི་བཞག་སྟེ་ སྒེར་གྱི་སློབ་གྲྭ་ཚུ་གིས་ སློབ་གཉེར་གྲོགས་རམ་མ་ཐོབ་མི་ཚུ་ལས་ འཐུས་ཐེབས་དགོཔ་སྦེ་ བློ་འདོད་བཀོད་དོ་ཡོདཔ་མས།

འབྲུག་ལུ་ ན་ཧིང་ སྤྱི་ཟླ་༣ པའི་བདུན་ཕྲག་དང་པའི་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་མི་ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་པའི་ཤུལ་ལས་ སློབ་རིམ་༩ པ་ལས་༡༢ པའི་ སློབ་ཕྲུག་ཚུ་གི་དོན་ལུ་ སྤྱི་ཟླ་༧ པ་ལས་ སློབ་གྲྭ་ལོག་སྒོ་ཕྱེ་ཡོད་རུང་ ལོ་དེ་གི་ སློབ་དུས་དེ་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ ཕར་འགྱངས་འབད་ནུག།

ཨིན་རུང་ དུས་ཚོད་ཕར་འགྱངས་འབད་མི་དེ་ འགྲུལ་སྐྱོད་བཀག་དམ་ ལན་ཐེངས་༢ འབད་མི་དང་ ནད་ཡམས་སྔོན་འགོག་གི་དོན་ལས་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་པའི་ དུས་ཡུན་ཚུ་དང་ བདེ་སྒྲིག་བཟོ་ཐབས་ལུ་ཨིནམ་ལས་ འཐུས་ཐེབས་སྤྲོད་ནི་གི་ འོས་འབབ་མི་མཐོངམ་མས་ཟེར་ ཕམ་ལ་ལོ་གིས་ བཤདཔ་ཨིན་མས།

ལྷན་ཁག་གིས་ སློབ་རིམ་༡༢ པའི་ སློབ་ཕྲུག་རེ་ལུ་ ལོ་བསྟར་སློབ་སྟོན་གྱི་འཐུས་ དངུལ་ཀྲམ་༣༠,༠༠༠ ཆ་འཇོག་འབད་ཡོད་མི་ལས་ ཐེབས་དངུལ་ཀྲམ་༦,༢༥༠ དང་ སློབ་རིམ་༡༡ པའི་དོན་ལུ་ འཐུས་ཁ་སྐོང་ དངུལ་ཀྲམ་༦,༠༠༠ སྤྲོད་ཡོདཔ་ད་ སྒེར་གྱི་སློབ་གྲྭ་ལ་ལོ་ཅིག་གིས་ ཚན་རིག་སློབ་ཕྲུག་ཚུ་ལུ་ འཐུས་ཐེབས་དངུལ་ཀྲམ་༡༥,༠༠༠ དང་ ནང་རིག་དང་ཚོང་རིག་སློབ་ཕྲུག་ཚུ་གི་དོན་ལས་ དངུལ་ཀྲམ་༡༠,༠༠༠ ཐེབས་དགོཔ་སྦེ་སླབ་ནུག།

འཐུས་ཐེབས་ལེན་མི་ སློབ་གྲྭ་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ སྒོ་བསྡམས་ཏེ་འབད་རུང་ སློབ་དཔོན་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ཡོདཔ་མ་ཚད་ ནང་སྡོད་མཐུན་རྐྱེན་གྱི་ ལག་ལེན་ཟད་འཐུས་ཚུ་ སྤྲོད་ཡོད་མི་ལུ་བརྟེན་ འཐུས་ཐེབས་ལེན་ནིའི་ འོས་ཁུངས་ཡོད་ཟེར་ཨིན་མས།

རྩ་ཕན་ཚུ་གིས་ ག་དེ་སྦེ་ར་སླབ་རུང་ སློབ་གཉེར་གྲོགས་རམ་དང་ ཟད་འགྲོ་རང་གིས་བཏང་སྟེ་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གི་བར་ན་ ཁྱད་པར་ཞུགས་མི་ལུ་བལྟ་བ་ཅིན་ ཤེས་རིག་ལྷན་ཁག་གི་ཧོངས་ལས་ འཐུས་ཐེབས་བྱིན་ནི་གི་ ཐག་མ་བཏོག་པའི་ཧེ་མར་ བར་ལམ་གྱི་ ཐབས་ལམ་བཏོན་ཡོད་པ་ཅིན་ ཟད་འགྲོ་བཏང་མི་ གཞུང་དང་ཕམ་གཉིས་ཆ་ར་ འབྱེམ་དེམ་ཅིག་ར་ མ་ཕོགཔ་འོང་།

ག་འཆརཔ་ཟེར་བ་ཅིན་ སྒེར་གྱི་སློབ་གྲྭ་ཚུ་གི་དོན་ལུ་ ཚོང་འབྲེལ་ཨིནམ་ལས་ ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ ཐོ་ག་དེ་སྦེ་ར་ཕོག་རུང་ དེ་ལུ་མ་བལྟ་བར་ གཞུང་ལས་ གོ་སྐབས་ལེན་ནི་དེ་ རང་བཞིན་ཨིན།

ཤེས་རིག་ལྷན་ཁག་ལས་ བར་འཛུལ་མེད་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ལ་ལོ་ཅིག་གིས་ དུས་ཚོད་མེན་པའི་ འཐུས་ལེ་ཤ་ བསྡུ་ལེན་འབད་བའི་ ཁ་ཉེས་ཐོག་ སློབ་ཕྲུག་གི་ ཕམ་༦༣ གྱིས་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ལུ་ ཉོགས་བཤད་བཙུགས་ནུག།

སྤྱི་ལོ་༢༠༢༠ ལས་ ནད་ཡམས་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཐོ་ཕོག་ཡོདཔ་མ་ཚད་ མི་མང་རབས་ཅིག་གི་ ལཱ་གཡོག་བྱང་པའི་ཁར་ ཚོང་འབྲེལ་ཚུ་ ཨ་རྟག་བཟུམ་སྦེ་ འཐབ་མ་ཚུགས་པའི་ ནམ་དུས་ལུ་ སྒེར་གྱི་སློབ་གྲྭ་ཚུ་ལུ་ཡང་ གདོང་ལེན་ཡོདཔ་ ཀུན་གྱི་ཤེས་གསལ་ལུ་ཡོད་རུང་ ནད་ཡམས་ཀྱི་ གནས་སྟངས་ལུ་ གོ་སྐབས་ལེན་ནི་མེན་པར་ མི་སྡེའི་འགན་འཁྲི་འབག་ཐོག་ལས་ ཞབས་ཏོག་དུམ་གྲ་རེ་ ཞུ་ནི་དེ་ཡང་གལ་ཆེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *