ནད་ཡམས་ཀྱི་ གདོང་ལེན་ལུ་ གྲ་སྒྲིག་ མེད་པའི་གསལ་སྟོན།

༉ ཁ་ཙ་དྲོ་པའི་ཆུ་ཚོད་༧ དེ་ཅིག་ལས་ སྤུན་ཆ་དང་ ཉེ་ཚན་ ལྟ་ལྟོ་ཚང་གཅིག་གིས་གཅིག་ལུ་ འགྲུལ་འཕྲིན་བཏང་སྟེ་ གཉིད་ཚོར་བཅུག་ཡོདཔ་མ་ཚད་ ཐིམ་ཕུག་གི་ ཚོང་ཁང་ཐདམ་ཐད་ཁ་ལས་ཕར་ འུར་བྱེལ་འཐབ་སར་ མཐོང་གསལ་བྱུང་ཡི།

མི་ཚུ་ དྲོ་པའི་ལས་ སྤྱགས་སྡུག་འཐབ་ འུར་བྱེལ་ལང་སྟེ་ ཚོང་ཁང་ཚུ་ནང་ ག་ཐོབ་རྐྱབ་མི་དེ་ཡང་ འགྲོ་འགྲུལ་བཀག་དམ་གཉིས་པ་ བསྟར་སྤྱོད་འབད་ནི་ཨིན་པའི་ འཐོར་གཏམ་གོ་མི་ལུ་བརྟེན་ཨིན་མས།

མ་གཞི་ ང་བཅས་ག་ར་ ནད་ཡམས་ཀོ་བིཌ་-༡༩ འི་ ཉེན་འཚུབས་ཐོག་ལུ་ སྡོད་ཡོདཔ་ལས་ འགྲུལ་སྐྱོད་བཀག་དམ་ནམ་འབད་རུང་ གྲ་སྒྲིག་སྦེ་ སྡོད་དགོཔ་ཅིག་ཨིན་རུང་ ཁ་ཙའི་གནས་སྟངས་ལུ་ལྟཝ་ད་ ཁྲོམ་ཁར་སྡོད་མི་ མང་ཤོས་ར་ ནད་ཡམས་ལུ་ ཚ་གྱང་མེད་པར་ སེམས་བག་ཡེངས་ཐོག་ སྡོད་ཡོད་པའི་ བརྡ་མཚོན་སྟོན་ཡི།

དེ་བཟུམ་མའི་ འུར་བྱེལ་འཐབ་མི་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་དང་པ་འབད་མི་དང་ དབྱེ་བ་ག་ནི་ཡང་མེདཔ་ མཐོང་གསལ་བྱུང་མི་དེ་ཡང་ དྲོ་པ་ཆུ་ཚོད་༩ ལས་ ཐིམ་ཕུག་ཁྲོམ་སྡེ་དང་ ཁྲོམ་སྡེའི་ཕྱི་ཁར་ ས་ཁོངས་ཚུ་ནང་ འགྲོ་འགྲུལ་བཀག་དམ་གྱི་ གསལ་བསྒྲགས་འབད་བའི་སྐབས་ ཚོང་ཁང་ཚུ་ནང་ ཉེར་མཁོའི་ཅ་ཆས་ཉོ་མི་ཚུ་གིས་ ག་ཐོབ་རྐྱབ་ལས་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་གིས་ བར་འཛུལ་ཐོག་ བཀག་ཆ་འབད་དགོཔ་བྱུང་ནུག།

གཞུང་གི་བསླབ་བཀོད་དང་འཁྲིལ་ ང་བཅས་ཀྱིས་ འགྲུལ་སྐྱོད་བཀག་དམ་ལུ་ གྲ་སྒྲིག་འབད་དེ་ ཉིན་གྲངས་༣ ལས་༧ ཚུན་ ལང་ནི་གི་ བཟའ་འཐུང་ཚུ་ ཉོ་བཞག་དགོཔ་ཨིན་རུང་ དེ་ལུ་ གྲ་སྒྲིག་མ་འབད་བར་ བཀག་དམ་གྱི་ ལོ་རྒྱུས་གོཝ་ཅིག་ ཚོང་ཁང་ཚུ་ནང་ ཨེབ་ཏ་རྐྱབ་འགྱོཝ་ད་ ཧེང་སྐལ་ར་ ནད་ཡམས་སྤེལ་ནིའི་ ཉེན་ཁ་ཡོདཔ་ཨིན།

འགྲོ་འགྲུལ་བཀག་དམ་དང་པ་དེ་ ག་རའི་དོན་ལུ་ ཉམས་མྱོང་འགོ་དང་པ་འབདཝ་ལས་ གནས་སྟངས་ག་བཟུམ་འཐོན་འོང་ག་ཟེར་བའི་ ཚ་གྱང་དང་གཅིག་ཁར་ ལཱ་ཚུ་འབད་བའི་སྐབས་ཨིན་རུང་ དཀའ་ངལ་དང་ འཐུས་ཤོར་དུམ་གྲ་རེ་མ་གཏོགས་སྦོམ་མ་ཐོན།

ཨིན་རུང་ ང་བཅས་ཀྱིས་ འགྲོ་འགྲུལ་བཀག་དམ་དང་པའི་ ཤེས་མྱོང་ལས་ ཉམས་སུ་ལེན་ཏེ ད་ལྟོའི་དུས་ཚོད་ནང་ དྲནམ་པ་བཏོན་ཏེ་ སྡོད་དགོཔ་ཅིག་ཨིན་རུང་ སེམས་བག་ཡེངས་ཐོག་ལུ་ སྡོད་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།

ད་རེས་ཀྱི་ འགྲུལ་སྐྱོད་བཀག་དམ་དེ་ ཐིམ་ཕུག་ལུ་རྐྱངམ་གཅིག་ཨིན་རུང་ ཧེ་མ་བཟུམ་སྦེ་མེན་པར་ བཀག་ཆ་དམ་དམ་སྦེ་ ལག་ལེན་འཐབ་ནི་ཨིནམ་ལས་ ཁྲོམ་ཁར་སྡོད་མི་ཚུ་གིས་འབད་རུང་ ནད་ཡམས་དེ་ ལྷག་པར་དུ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ རང་སོའི་ཁྱིམ་ནང་སྡོད་དེ་ གསོ་བའི་སྒྲིག་གཞི་ཚུ་ལུ་ གནས་དགོཔ་དེ་ ག་ནི་བ་གལ་ཆེ།

མི་ཚུ་གིས་ གཞུང་ལུ་རྒྱབ་སྐྱོར་ཟེར་རུང་ གསོ་བའི་སྒྲིག་གཞི་ཚུ་ལུ་ ཚུལ་ལྡན་གནས་དགོཔ་མ་ཚད་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་ཡོད་མི་དང་ ཚ་རིམས་དང་འབྲེལ་བའི་ ནད་རྟགས་རེ་ འཐོན་པ་ཅིན་ གསོ་བའི་གློ་བུར་བརྒྱུད་འཕྲིན་ཨང་༢༡༢༡ ཡང་ཅིན་ ༦༠༦༠ ཐོག་ལུ་ འབྲེལ་བ་འཐབ་སྟེ་ བརྟག་དཔྱད་འབད་བ་ཅིན་ མི་སྡེའི་ནང་ ནད་ཡམས་འཕྱལ་འགྱོ་ནི་ལས་བཀག་ཚུགས།

ད་རུང་ ང་བཅས་ཀྱིས་ དུས་རྒྱུན་དུ་ ཁ་རས་ལག་ལེན་དང་ ལགཔ་ཆུ་འཁྱུ་ནི་ དེ་ལས་ ལག་པར་དབུར་སྨན་ལག་ལེན་འཐབ་ནི་ཚུ་ ལམ་ལུགས་གསརཔ་སྦེ་ དང་ལེན་འབད་དགོཔ་བཞིན་དུ་ ཕར་ཚུར་འགྱོ་ནི་ཚུ་ཡང་ ངེས་པར་དུ་ འགྱོ་དགོཔ་འཐོན་ན་མ་གཏོགས་ དེ་མིན་ ག་དེ་དྲག་དྲག་འཛེམ་དགོ།

ཉེན་སྲུང་གི་ ཐབས་ལམ་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་པ་ཅིན་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལས་ གླགས་ཁེལ་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *