ནད་ཡམས་ཀོ་བིཌ་-༡༩ ལུ་འདྲོག་དགོཔ།

༉ འཕྲལ་ཁམས་ཅིག་ལས་ འཛམ་གླིང་དང་ དམིགས་བསལ་དུ་ འབྲུག་གི་ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་དང་ བང་ལ་དེཤ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ལོག་ལྟབ་གསུམ་ལྟབ་སྦེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཡིག་ཚང་དང་ ཚོང་འབྲེལ་ཁང་ལ་སོགས་པ་ སྒོ་བསྡམ་ནི་དང་ འགྲུལ་སྐྱོད་བཀག་དམ་ དུས་དང་དུས་སུ་འབད་བའི་ གནས་ཚུལ་གོཝ་མས།

དཔེར་ན་ འབྲུག་གི་ཁྱིམ་མཚེས་རྒྱལ་ཁབ་བཅར་ཤོས་ རྒྱ་གར་ལུ་ འདས་པའི་དུས་ཡུན་ཆུ་ཚོད་༢༤ གི་ནང་ ནད་ཡམས་ཐོབ་མི་གསརཔ་༡༣༡,༩༦༩ ངོས་བཟུང་འབད་བའི་ཁར་ མི་༧༨༠ ལུ་ ཤི་རྐྱེན་བྱུང་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ ནད་འབུབ་ཐོབ་མི་ ཡར་སེང་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནི་གི་ ལས་རིམ་འགོ་བཙུགས་པའི་ ནམ་དུས་ལུ་ཨིནམ་ལས་ ང་བཅས་འབྲུག་མི་ཚུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།

ནད་ཡམས་ཀྱི་ སྨན་ཁབ་བཟོ་མི་དང་ འབྲུག་ལུ་ སྨན་ཁབ་རིན་མེད་སྟོང་པར་སྦེ་བྱིན་མི་ རྒྱ་གར་གཞུང་གིས་ ནད་ཡམས་ཐོབ་མི་མངམ་ཐོན་སའི་ མངའ་སྡེ་ཚུ་ནང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ དུས་རྒྱུན་དུ་ གསོ་བའི་སྒྲིག་གཞི་ཚུ་ ལག་ལེན་འཐབ་དགོ་པའི་ ཀུ་བསྐུལ་འབད་བཞིན་དུ་འདུག།

རྒྱ་གར་དང་ ལུང་ཕྱོགས་རྒྱལ་ཁབ་གཞན་ཚུ་ནང་ ཀོ་བིཌ་-༡༩ ཐོབ་མིའི་ གྱངས་ཁ་ཡར་སེང་འགྱོཝ་ད་ འབྲུག་རྒྱལ་ཁབ་ནང་ཡང་ གནོད་ཉེན་སྦོམ་ཡོད་མི་དེ་ཡང་ མི་ཚུ་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་པའི་ཤུལ་ལས་ སེམས་བག་ལྷོད་ཐོག་སྡོད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་བཞིན་དུ་ཡོད་མི་ལུ་བརྟེན་ཨིན།

མ་གཞི་ ཕྱི་ཁ་ལས་ འོང་མི་ཚུ་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་མཐུན་རྐྱེན་ནང་ སྡོད་དགོཔ་མ་ཚད་ ཉེན་ཁ་ཆེ་བའི་ ས་ཁོངས་ནང་ལས་ འོང་མི་ཚུ་ཡང་ བདུན་ཕྲག་༡ གི་རིང་ ཟུར་བཞག་བཞག་དོ་ཡོདཔ་ལས་ ནད་ཡམས་འཐོབ་ནི་གི་ ཉེན་ཁ་ཆུང་སུ་ཅིག་ལས་བརྒལ་མེད་རུང་ གསོ་བའི་སྒྲིག་གཞི་ དཔེར་ན་ དུས་རྒྱུན་དུ་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་གུ་སྨན་ཆུ་དབུར་ནི་ བར་ན་ས་སྟོང་བཞག་ནི་ཚུ་ ད་རེས་ནངས་པར་ མང་ཤོས་ཅིག་གིས་ དང་ལེན་འབད་ནི་མིན་འདུག།

ཕུན་ཚོགས་གླིང་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ མི་རྒན་གཞོན་གཉིས་ཆ་ར་གིས་ ཁ་རས་ལག་ལེན་མ་འཐབ་པར་ འཁྱམས་སྡོད་སར་ མཐོང་གསལ་བྱུངམ་མ་ཚད་ ཐིམ་ཕུག་ལུ་ཡང་ མི་འཛོམས་འདུ་རུག་རུ་འབད་ནི་ཚུ་ ཨ་རྟག་བཟུམ་གྱི་ གནས་སྟངས་ནང་ལྷོད་ནུག།

ང་བཅས་ཀྱིས་ སེམས་ཁར་བཞག་དགོཔ་འདི་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ཐུན་ཚད་དང་པ་རྐྱངམ་གཅིག་ བཙུགས་ཡོདཔ་ལས་ ནད་འབུབ་ལས་ སྔོན་འགོག་འབད་ཚུགས་པའི་ ནུས་ཤུགས་མེད་པའི་ཁར་ སྨན་ཁབ་ཐུན་ཚད་༢ པ་བཙུགས་རུང་ བརྒྱ་ཆ་ལས་བརྒྱ་ཆ་ ཉེན་སྐྱོབ་འབད་མི་ཚུགས།

ད་ལྟོའི་ ནད་ཡམས་ཀྱི་ གནས་སྟངས་ནང་ ཀོ་བིཌ་-༡༩ འི་ གདོང་ལེན་ཟེར་རུང་ སྔོན་འགོག་ཟེར་རུང་ ཉེན་སྲུང་གི་ སྒྲིག་གཞི་ལག་ལེན་འཐབ་ནི་དེ་ར་ཨིནམ་ལས་ ཚོད་མཐོང་མ་ཚུགསཔ་དང་ ནད་གཞིའི་ཁྱད་རྣམ་ཤེས་རྟོགས་བྱུང་མ་ཚུགསཔ་ད་ ཚ་གྱང་མེད་པར་ སེམས་བག་ལྷོད་སྦེ་ སྡོད་པ་ཅིན་ ད་ཚུན་གྱི་བར་ན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་གི་ཁ་ཐུག་ལས་ ཐབས་ཤེས་བཏོན་གནང་མི་དང་ ནད་ཡམས་སྔོན་འགོག་གི་ འབད་བརྩོན་ཚུ་ ཁུངས་མེད་བཟོ་ནི་གི་ ཉེན་ཁ་ཡོད།

ནད་ཡམས་དེ་ མི་སྡེ་ནང་ ཁྱབ་སྤེལ་མེད་པར་ དམ་འཛིན་ཐོག་ བཞག་དགོ་པ་ཅིན་ མི་མང་གིས་ གསོ་བའི་སྒྲིག་གཞི་ཚུ་ ཚུལ་ལྡན་ལག་ལེན་འཐབ་དགོཔ་མ་ཚད་ ཚོང་པ་ཚུ་གིས་འབད་རུང་ རང་སོའི་འཛུལ་སྒོ་དང་ ཉེ་འདབས་ལུ་ ལགཔ་ཆུ་འཁྱུ་སར་དང་ ལགཔ་གུ་སྨན་ཆུ་དབུར་ནི་ དེ་ལས་ གཟུགས་ཀྱི་དྲོད་འབར་གནས་ཚད་ བལྟ་ནིའི་མཁོ་ཆས་ལ་སོགས་པ་བཞག་དགོ།

གལ་སྲིད་ ང་བཅས་ཀྱིས་ ནད་ཡམས་ལུ་ མ་འདྲོག་པར་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་ནི་ བཤོལ་བཞག་པ་ཅིན་ ད་རེས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༩༠༠ ལུ་ ལྷོད་ཡོད་མི་དེ་ བདུན་ཕྲག་༡ དང་༢ ཀྱི་ ནང་འཁོད་ལུ་ར་ སྟོང་ཕྲག་ལྷག་འགྱོ་འོང་།

འདི་འབདཝ་ལས་ ང་བཅས་ཀྱིས་ སྨན་ཁབ་ཐུན་ཚད་དང་པ་ བཙུགས་ཚར་ཡོད་རུང་ ཐུན་ཚད་༢ པ་ལུ་ སྒུག་སྡོད་པའི་ ནམ་དུས་ལུ་ ནད་ཡམས་སྔོན་འགོག་གི་ སྒྲིག་གཞི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་པ་ཅིན་ ཀོ་བིཌ་-༡༩ དེ་ མི་སྡེ་ནང་ ཁྱབ་སྤེལ་མེད་པར་ དམ་འཛིན་ཐོག་བཞག་ཚུགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *