ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ བདའ་ཟུན་པའི་ཤུལ་ལས་ ཉིནམ་༡༠ གྱི་ནང་འཁོད་ལུ་ མི་གྲངས་༢༠༠ དེ་ཅིག་ བདའ་ཟུན་མི་ལུ་ལྟཝ་ད་ ནད་གཞི་དེ་ ཧེང་སྐལ་ར་ ཁྱབ་སྤེལ་འགྱོ་ནིའི་ ཚ་གྱང་ཡོདཔ་ཨིན་པས།

རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་མི་དང་ ནད་ཡམས་ཁྱབ་སྤེལ་སོང་མིའི་ གནས་སྟངས་སྐོར་ལས་ ཁ་གསལ་སྦེ་ ག་ནི་ཡང་ སླབ་མ་ཤེས་པར་སྡོདཔ་ད་ མི་ཚུ་གིས་ ནད་ཡམས་ཀྱི་སྨན་ཁབ་ འགོ་བཙུགས་པ་ཅིན་ཟེར་བའི་ རེ་བ་བསྐྱེད་དོ་ ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ ལས་དོན་གྲོས་སྟོན་སྡེ་ཚན་གྱི་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལྷན་ཁག་གིས་ ཀོ་བེགསི་སྨན་ཁབ་ ལེན་ནིའི་དོན་ལུ་ འཆར་གཞི་ཚུ་ ག་དེ་སྦེ་ར་ བཟོ་ཡོདཔ་ཨིན་ནའི་ ཁ་གསལ་བཀོད་དེ་ ཡི་གུ་བཙུགས་ཡི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འབྲུག་གི་དོན་ལུ་ སྨན་ཁབ་ལེན་ནིའི་གོ་སྐབས་དེ་ ཀོ་བེགསི་མཐུན་རྐྱེན་བརྒྱུད་དེ་རྐྱངམ་གཅིག་ འཐོབ་ ཚུགས་ཟེར་ཨིནམ་ད་ མཐུན་རྐྱེན་དེ་ ཀོ་བིཌ་-༡༩ གི་སྨན་ཁབ་འཐོབ་ནིའི་ བརྒྱུད་ལམ་ཨིན་ཟེར་ཨིན་པས།

མཐུན་རྐྱེན་དེ་ ན་ཧིང་ སྤྱི་ཟླ་༤ པའི་ནང་ ནད་ཡམས་ཀྱི་གདོང་ལན་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་དང་ ཡུ་རོ་པི་ཡཱན་ཡུ་ནི་ཡཱོན་ དེ་ལས་ ཕ་རེནསི་གིས་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་འདི་ དེ་གི་འཐུས་མི་འབདཝ་ལས་ རྒྱལ་ཁབ་ཀྱི་ མི་རློབས་ལས་ བརྒྱ་ཆ་༢༠ གི་དོན་ལུ་ སྨན་ཁབ་འཐོབ་ཚུགས་ནི་ཨིན་མི་དེ་ མི་གྲངས་༡༥༠,༠༠༠ དེ་ཅིག་གིས་ འཐོབ་ཚུགས་ནི་ཨིན་པས།

ཨིན་རུང་ ཌོག་ཊར་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ སྨན་ཁབ་དེ་ སྟབས་གཅིག་ཁར་ མི་འོང་ནི་ཨིནམ་ལས་ འགོ་ དང་པའི་ནང་ མི་རློབས་བརྒྱ་ཆ་ལས་ བརྒྱ་ཆ་༣ རྐྱངམ་གཅིག་གི་དོན་ལུ་ གཏང་འོང་ཟེར་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༡༧ ཤུལ་མའི་ཤོ་ཐེངས་ནང་ གཏང་འོང་ཟེར་ཨིན་པས།

བརྒྱ་ཆ་དེ་དང་འཁྲིལཝ་ད་ འབྲུག་མི་༢༠,༠༠༠ དེ་ཅིག་གིས་ སྨན་ཁབ་འགོ་དང་པ་ འཐོབ་ཚུགས་ནི་ཨིནམ་ད་ ཤོ་ཐེངས་དང་པ་དེ་ སྤྱི་ལོ་༢༠༢༡ ལོའི་ སྔ་ཆ་ལུ་ གཏང་ནི་བཟུམ་ཅིག་ཡོདཔ་ཨིན་པས།

འབྲུག་ལུ་ཡོད་མི་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ངོ་ཚབ་ ཌོག་ཊར་ རུའི་པའུ་ལོ་ ཌི་ ཇེ་སུས་ཀྱིས་ སླབ་མིའི་ནང་ གཞུང་གིས་ སྤྱི་ལོ་༢༠༢༡ ཟླ་དང་པའི་ བདུན་ཕྲག་དང་པའི་ནང་ སྨན་ཁབ་དེ་ ཆ་འཇོག་འབད་དེ་ གྲ་སྒྲིག་སོང་བའི་སྐབས་ སྨན་ཁབ་དགོ་པའི་སྐོར་ལས་ ཡི་གུ་བཙུགས་དགོ་ཟེར་ཨིན་པས།

འཆར་གཞི་དང་འཁྲིལཝ་ད་ རྒྱལ་ཁབ་ཚུ་གིས་ སྨན་ཁབ་ཚུ་ དབྱེ་ཁག་བཟོ་ཐོག་ལས་ འཐོབ་ནི་འོང་ཟེར་ ཁོ་གིས་བཤད་པའི་ ཁར་ དེ་ཡང་ སྨན་ཁབ་ཀྱི་ འཆར་གཞི་བཟོ་མི་ཚུ་ག་ར་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་བ་ཅིན་རྐྱངམ་གཅིག་ཨིན་ཟེར་ ཨིན་པས།

འཕྲལ་ཁམས་ཅིག་ཁར་ རྒྱལ་སྤྱིའི་ནང་ ཕའི་ཛར་/བ་ཡོ་ཊེཀ་དང་ མོ་ཌར་ན་སྨན་ཁབ་༢ ལུ་ ཡུ་ཨེསི་ཨེ་གི་ བཟའ་ཆས་དང་ སྨྱོ་རྫས་བདག་སྐྱོང་གིས་ མི་མང་གིས་ གློ་བུར་དོན་ལུ་ ལག་ལེན་འཐབ་ཆོག་པའི་ གནང་བ་ཐོབ་ཡོདཔ་ཨིན་པས།

ཌོག་ཊར་ བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ སྨན་ཁབ་དེ་ ཀོ་བེགསི་གི་མཐུན་རྐྱེན་དང་ ཁོང་གི་དབང་ཆ་དང་ ལྟ་ཞིབ་འབད་མི་དང་འཁྲིལ་ འགྱོ་ནི་ཨིན་རུང་ འབྲུག་གི་དོན་ལུ་ མོ་ཌར་ན་སྨན་ཁབ་དེ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།

དེ་ཡང་ ཕའི་ཛར་/བ་ཡོ་ཊེཀ་༢ གསོག་འཇོག་འབད་ནི་དེ་ བསིལ་ཤུགས་ཀླད་ཀོར་༧༠ འོག་རྒྱུ་བཞག་དགོཔ་ཨིན་རུང་ མོ་ཌར་ན་དེ་ ཀླད་ཀོར་༢༠ འོག་རྒྱུ་ གསོག་འཇོག་འབད་ཚུགས་ནི་དེ་གིས་ ཨིན་ཟེར་བཤད་ཅི།

བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ སྨན་ཁབ་༢ ཆ་ར་ བསིལ་ཤུགས་ནང་ གསོག་འཇོག་འབད་ནི་ལུ་ གདོང་ལན་འབྱུང་ནི་ཨིན་རུང་ ཕའི་ཛར་ཐད་ཁར་ གདོང་ལེན་མང་སུ་ འབྱུང་ནི་མས་ཟེར་ཨིནམ་ད་ སྨན་ཁབ་༢ ཆ་རའི་དོན་ལུ་ ཐབས་ལམ་ཚུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ ཡུ་ནེའི་ཊེཊ་ཀིང་ཌོག་ལུ་ ཨོགསི་ཕོརཌ་-ཨེས་ཊ་ཛི་ནི་ཀ་སྨན་ཁབ་དེ་ ཆ་འཇོག་འབད་ཡོདཔ་ལས་ སྨན་ཁབ་དེ་ གསོག་འཇོག་འབད་ནི་ལུ་ ལཱ་ཁག་དེ་ཅིག་མེད་པའི་ཁར་ འབྲུག་གི་དོན་ལུ་ འོས་འབབ་ཡོདཔ་ལས་ དེ་ཡང་ འཐོབ་ཚུགས་པའི་ འོས་འབབ་ཡོད་ཟེར་བཤད་ཅི།

སྨན་ཁབ་འདི་ སྤྱིར་བཏང་ཁྱེགས་སྒྲོམ་ནང་ཡང་ བཞག་ཚུགསཔ་ལས་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན་རུང་ ད་ལྟོ་ ཀོ་བེགསི་མཐུན་རྐྱེན་ལས་ ལན་གསལ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།

འགོ་དང་པ་ལྷོད་མི་ སྨན་ཁབ་ཚུ་ ལོ་ན་རྒས་མི་དང་ ཧེ་མ་ལས་ ནད་གཞི་ཡོད་མི་དང་ གདོང་གཟང་སྟེ་ལཱ་འབད་མི་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་གིས་ འཐོབ་འོང་ཟེར་ཨིན་པ།

བརྒྱ་ཆ་༢༠ བགོ་བཀྲམ་འབད་བའི་ཤུལ་ལས་ ཀོ་བེགསི་མཐུན་རྐྱེན་གྱིས་ འཐུས་མི་རྒྱལ་ཁབ་ཚུ་ལུ་ སྨན་ཁབ་དེ་ བགོ་ བཀྲམ་འབད་ནི་ལུ་ ཕན་གྲོགས་འབད་ནི་ཨིན་རུང་ དེ་གི་དོན་ལུ་ གོང་ཚད་བགོ་བཤའི་ཐོག་ལུ་ འབད་དགོཔ་ཨིན་རུང་ དེ་གི་ སྐོར་ལས་ ད་ལྟོ་ ག་ནི་ཡང་ ཁ་གསལ་མེདཔ་ཨིན་པས།

ཌོག་ཊར་གྱིས་ སླབ་མིའི་ནང་ ནད་ཡམས་དར་ཁྱབ་སོང་སྟེ་འབད་རུང་ ད་ཚུན་ མི་རློབས་ཀྱི་བརྒྱ་ཆ་༡ རྐྱངམ་གཅིག་ལུ་ ནད་གཞི་དེ་ ཐོབ་སྟེ་ཡོདཔ་ལས་ སྨན་ཁབ་ཀྱིས་ ནད་ཡམས་གདོང་ལེན་ལུ་ དོན་སྨིན་ཅན་སྦེ་ ཕན་ཐོགས་ཚུགས་ཟེར་ཨིན་པས།

ཌོག་ཊར་རུའི་གིས་ སླབ་མིའི་ནང་ ཁོ་གི་ཡིག་ཚང་གིས་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་དང་གཅིག་ ཁར་ སྨན་ཁབ་དེ་གི་དོན་ལུ་ གསོ་བ་ལྷན་ཁག་ལུ་ གྲོགས་རམ་འབད་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྨན་ཁབ་ཀྱིས་ ནད་ཡམས་མཇུག་བསྡུ་ནི་ལུ་ ལྷན་ཐབས་འབད་ཚུགས་རུང་ དཀའ་ངལ་ག་ར་ བསལ་མི་ཚུགས་ཟེར་ཨིནམ་ད་ ནད་ཡམས་དེ་ དེ་འཕྲོ་ལས་ བཀག་ཚུགས་པའི་འོས་འབབ་མེདཔ་ལས་ ནད་འབུབ་བཀག་འཛིན་འབད་དེ་ བཞག་ནིའི་ཐབས་ལམ་ཚུ་བཏོན་ཏེ་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ མར་ཕབ་འབད་དེ་ བཞག་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *