ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལུ་དོགས་སྣང་མེདཔ།

༉ རྒྱལ་ཁབ་གཞན་ཚུ་ནང་ ནད་ཡམས་ཀོ་བིཌ་༡༩ འི་ ཨེས་ཊ་ཟེ་ནེ་ཀ་སྨན་ཁབ་ བཙུགས་མི་ལུ་བརྟེན་ གསོ་བ་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་རུང་ འབྲུག་མི་ཚུ་གིས་ འཇིགས་སྣང་ལང་དགོཔ་མེད་ཟེར་ཨིན་པས།

དེ་ཡང་ རྒྱལ་ཡོངས་ནད་རིགས་བཀག་ཐབས་ལྟེ་བའི་གཙོ་འཛིན་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་སེམས་ཁར་ གཙོ་བོ་ར་ ཨ་རྟག་འབད་བ་ཅིན་ སྨན་ཁབ་ཚུ་ བཟོ་ནིའི་དོན་ལུ་ ལོ་ངོ་༡༥ རེ་འགོར་མི་ སྨན་ཁབ་ཚུ་ ད་རེས་ ཟླཝ་༡༠ དེ་ཅིག་ནང་ ཐོན་སྐྱེད་འབད་ནུག་ཟེར་མི་དེ་ཨིནམ་ད་ སྨན་ཁབ་དེ་ ཐོན་སྐྱེད་འབད་བའི་སྐབས་ ཉེན་སྲུང་གི་གནད་དོན་ ག་ར་ལུ་ ལྟ་ཡོདཔ་ད་ བྱ་སྒོའི་རིམས་པ་ཚུ་དང་འཁྲིལ་ ཚུལ་མཐུན་སྦེ་ བཟོ་བཟོཝ་ཨིན་ཟེར་ཨིན་མས།

ཁོ་གིས་འབད་བ་ཅིན་ སྨན་ཁབ་གཞན་ཚུ་ བཟོ་བའི་སྐབས་ ཡུན་རིང་འགོར་མི་དེ་ ལས་སྡེ་ཚུ་ལུ་ ཟད་འགྲོ་དང་ ཁྱད་རིག་མེད་པའི་ཁར་ ཚོང་འབྲེལ་གནས་སྟངས་ཚུ་ཡང་ ལྟ་ཞིབ་འབད་དགོ་ནི་དེ་གིས་ཨིནམ་ད་ ད་རེས་ ནད་ཡམས་ཀྱི་སྐབས་ལུ་ མཁས་མཆོག་ཚུ་ཡང་ མཉམ་བསྡོམས་འབད་ཡོདཔ་ད་ རྒྱལ་ཁབ་དང་ ལས་སྡེ་ཚུ་གིས་ མ་དངུལ་ཚུ་ཡང་ བཙུགས་ཡོད་ནི་དེ་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ འབད་ཚུགས་ཚུགསཔ་ ཨིན་པས་ཟེར་ཨིན་མས།

ཨིན་རུང་ ད་ལྟོ་ དུས་ཚོད་ཀྱི་ ཁྱད་པར་ལུ་བརྟེན་ སྨན་ཁབ་དེ་གིས་ ནུས་ཤུགས་དེ་ ཟླཝ་༦ གི་དོན་ལུ་མ་གཏོགས་ ཤེས་མ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྨན་ཁབ་ག་ཅི་ར་འབད་རུང་ བཙུགས་ཚར་བའི་སྐབས་ མི་ལ་ལོ་ཅིག་ལུ་ གསོ་བ་དང་འབྲེལ་བའི་ དཀའ་ངལ་དུམ་གྲ་རེ་ འཐོན་ནི་དེ་ རང་བཞིན་ཅིག་ཨིནམ་ད་ ད་རེས་ཀྱི་ སྨན་ཁབ་དེ་ལུ་བརྟེན་པའི་ དཀའ་ངལ་དུམ་གྲ་རེ་ ཐོན་སྲིད་ཟེར་ཨིན་པས།

ཀོ་བིཌ་ཤིལཌི་སྨན་ཁབ་དེ་ལུ་བརྟེན་པའི་ སྤྱིར་བཏང་གསོ་བའི་དཀའ་ངལ་ཚུ་ཡང་ ཁབ་བཙུགས་པའི་ ས་ཁོངས་ན་ནི་དང་ ཚ་ནི་ གྱང་ཤུགས་རྐྱབ་ནི་ མགུ་ཏོག་ན་ནི་ དེ་ལས་ འུ་སྡུག་སྟེ་འོང་ནི་གིས་རྩིས་པའི་ གཞན་ཡང་ དག་པ་ཅིག་ཡོདཔ་ཨིན་པས།

ག་དེམ་ཅིག་སྦེ་ གསོ་བའི་དཀའ་ངལ་དེ་ཚུ་ འཐོན་ནི་ཨིན་པ་ཅིན་ སྨན་ཁབ་དེ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ དེ་ཅིག་གི་ ནང་འཁོད་ལུ་ ཐོན་ནི་ཨིན་རུང་ གནས་སྟངས་ལ་ལོ་ཅིག་ནང་ དེ་གི་ཤུལ་ལས་ཡང་ ཨ་ཙི་རེ་ ཐོན་པའི་གནད་དོན་ཚུ་ཡོདཔ་ཨིན་པས།

ཨིན་རུང་ གནད་དོན་དེ་ཚུ་ལུ་བརྟེན་ མལ་ཆ་ནང་ ཉལ་སྡོད་དགོཔ་ མི་འཐོན་ནི་དང་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ ནང་འཁོད་ནང་ དྲག་འོང་ཟེར་ཨིན་པས།

ཌོག་ཊར་བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལུ་ གསོ་བ་དང་འབྲེལ་བའི་ དཀའ་ངལ་དུམ་གྲ་རེ་ འབྱུང་མི་དེ་ མ་གཞི་ སྨན་ཁབ་དེ་ལུ་ རང་གི་གཟུགས་ཀྱིས་ ངོས་ལེན་འབད་བའི་ བརྡ་མཚོན་ཨིནམ་ལས་ ལེགས་ཤོམ་ཨིན་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ སྨན་ཁབ་བཙུགས་སའི་ ས་ཁོངས་ཚུ་ནང་ དུས་ཡུན་སྐར་མ་༣༠ དེ་རེ་གི་རིང་ གསོ་བའི་འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་དེ་ བཞགཔ་ཨིན་པས།

མ་གཞི་ ད་རེས་ཁམས་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ལུ་བརྟེན་ ཁྲག་འཁྱེག་སྟེ་ མི་ལ་ལོ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་སླབ་དོ་ཡོདཔ་ཨིན་རུང་ དེ་ལུ་ ཚན་རིག་གི་ སྒྲུབ་བྱེད་ཚུ་མེདཔ་ད་ དེ་བཟུམ་མའི་ མི་ས་ཡ་ལས་བཅད་མི་ཚུ་ལུ་ སྨན་ཁབ་བཙུགས་པའི་སྐབས་ དེ་བཟུམ་མའི་ དཀའ་ངལ་ཚུ་ རེ་གཉིས་འབད་མི་ཚུ་ དུས་མཉམ་ལུ་ བྱུང་བྱུངམ་འོང་ཟེར་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཨེསི་ཊ་ཟེ་ནེ་ཀ་དེ་ ནེ་པཱལ་རྒྱལ་ཁབ་ནང་ཡང་ བཙུགས་ཡོདཔ་ཨིན་རུང་ དེ་ལུ་བརྟེན་པའི་ ཤི་རྐྱེན་དང་ གསོ་བ་དང་འབྲེལ་བའི་ གནད་དོན་ཚུ་ ཐོན་པའི་ལོ་རྒྱུས་མེད་མི་དེ་ སྨན་ཁབ་དེ་ལུ་ དོགས་པ་ཆགས་མ་དགོ་པའི་ སྒྲུབ་བྱེད་ཅིག་ཨིན་པས་ཟེར་ཨིན་མས།

སྨན་ཁབ་དེ་ ག་ཅི་སྦེ་ བཙུགས་དགོཔ་ཨིན་ན?

སྨན་ཁབ་ག་ཅི་འབད་རུང་ ནད་གཞི་ཚུ་ལས་ བརྒྱ་ཆ་ལས་བརྒྱ་སྦེ་ བཀག་མི་ཚུགས་དོ་ཡོདཔ་བཞིན་དུ་ ཀོ་བིཌ་-༡༩ འི་ སྨན་ཁབ་དེ་གིས་ཡང་ ཀོ་རོ་ན་བའི་རསི་འཐོབ་ནི་ལས་ ངེས་པར་དུ་ བསྲུང་མི་ཚུགས་ནི་ཨིན་པས།

ཨིན་རུང་ སྨན་ཁབ་དེ་ བཙུགས་པ་ཅིན་ རང་གི་གཟུགས་ཁར་ ནད་འབུབ་དེ་གི་ གདོང་ལེན་འབད་མི་ ནུས་གཟུགས་ཚུ་ ཐོན་བསྐྱེད་འབད་ནི་ཨིནམ་ལས་ ནད་འབུབ་དེ་ལུ་བརྟེན་ ན་ནི་ནང་ དེ་དང་བསྟུན་པའི་ ཉེན་ཁ་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།

ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ འབད་བ་ཅིན་ རང་གི་གཟུགས་ཁར་ ནད་འབུབ་དེ་ལུ་ གདོང་ལེན་འབད་མི་ ནུས་གཟུགས་ཚུ་ ཐོན་སྐྱེད་འབད་མི་དེ་གིས་ རང་རྐྱངམ་གཅིག་མེན་པར་ རང་གི་མཐའ་འཁོར་ལུ་ཡོད་པའི་ མི་ཚུ་ལུ་ཡང་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཚུགསཔ་ཨིན་ཟེར་ཨིན་པས།

སྨན་ཁབ་བཙུགས་ནིའི་ལས་རིམ་ གྲ་གྲིགས་ཡོདཔ།

གསོ་བ་ལྷན་ཁག་ མི་མང་གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་ སངས་རྒྱས་ཕུན་ཚོགས་ཀྱིས་ འབད་བ་ཅིན་ ད་ལྟོ་ཚུན་ལུ་ རྫོང་ཁག་དང་ ས་གནས་གཞུང་གི་ གནས་ཚད་ཚུ་ནང་ཡང་ སྨན་ཁབ་བཙུགས་ནིའི་ལས་རིམ་དང་ འཆར་གཞི་ཚུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།

འཛམ་གླིང་ནང་ ནད་འབུབ་དེ་ ཁྱབ་སྤེལ་བཀག་འཛིན་འབད་དགོ་པ་ཅིན་ སྨན་ཁབ་ཚུ་བཙུགས་ཏེ་ ནད་འབུབ་དེ་གིས་ གནོད་མ་ཚུགས་པའི་ མི་སྡེ་བཟོ་དགོཔ་ ཁག་ཆེ་ཟེར་ཨིན་པས།

ད་རེས་ མི་ཚུ་གིས་ ཨ་རྟག་ཧར་ལུགས་ཀྱི་ གནས་སྟངས་བཟོ་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་ད་ དེ་སྦེ་འབད་ནིའི་ཐབས་ལམ་དེ་ སྨན་ཁབ་བཙུགས་ནི་དེ་ རྐྱངམ་གཅིག་མ་གཏོགས་ གཞན་མིན་འདུག་ཟེར་ཨིན་པས།

རྫོང་ཁག་དང་ ས་གནས་གཞུང་གི་ གནས་ཚད་ཚུ་ཡང་ ས་ཁོངས་ཚུ་ནང་ སྨན་ཁབ་བཙུགས་ནི་ལུ་ འོས་ཚད་ལྡན་པའི་ མི་གྲངས་ག་དེ་རེ་ ཡོདཔ་ཨིན་ན་ སྨན་ཁབ་བཙུགས་སའི་ ས་ཁོངས་ག་དེ་རེ་ དགོཔ་ཨིན་ན་ ནེ་ལས་ སྨན་ཁབ་བཙུགས་མི་ ག་དེམ་རེ་དགོཔ་ཨིན་ན་ཚུ་ཡང་ ལེགས་ཤོམ་སྦེ་ རྩིས་བཏོན་ཏེ་ གྲ་སྒྲིག་ཡོད་ཟེར་ཨིན་པས།

མི་སེར་ཚུ་གིས་ སྨན་ཁབ་ཀྱི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཁ་ཙ་དྲོ་པ་ ཆུ་ཚོད་༩ ཚུན་ མི་གྲངས་༤༦༨,༠༠༠ གྱིས་ ཐོ་བཀོད་འབད་ཡོདཔ་ད་ ད་ལྟོ་ ཐོ་བཀོད་འབད་བའི་སྐབས་ མི་ཚུ་གིས་ སྨན་ཁབ་བཙུགས་ནི་ཨིན་ན་དང་ ཡང་མིན་ མི་བཙུགས་ནི་ཨིན་ན་ གདམ་ཁ་རྐྱབ་ཡོད་མི་ཚུ་ཡང་ བསྒྱུར་བཅོས་འབད་ བཏུབ་ཨིན་པས།

དེ་བཟུམ་སྦེ་ འབྲུག་སྨན་ཁབ་ལམ་ལུགས་ཟེར་མི་ རིམ་ལུགས་ཅིག་ཡང་ བཟོ་ཚར་ཡོདཔ་བཞིན་དུ་ དེ་ལུ་བརྟེན་ སྨན་ཁབ་བཙུགས་པར་ འོང་མི་ཚུ་གི་ ཧེ་མ་ལས་ཡོད་པའི་ ནད་གཞི་ཚུ་ ངོས་འཛིན་འབད་ཚུགས་ནི་དང་ སྨན་ཁབ་བཙུགས་ནིའི་ དུས་ཚོད་དང་འབྲེལ་བའི་ དྲན་གསོའི་གློག་འཕྲིན་ཚུ་ཡང་ གཏང་ཚུགས་ནི་ཨིན་པས།

སངས་རྒྱས་ཕུན་ཚོགས་ཀྱིས་འབད་བ་ཅིན་ རིམ་ལུགས་དེ་ལུ་བརྟེན་ རང་གི་དགོས་མཁོ་དང་འཁྲིལ་ སྨན་ཁབ་བཙུགས་པའི་ ལག་ཁྱེར་ཚུ་ཡང་ རང་གིས་ར་ བཟོ་ཚུགས་ནི་དང་ རྒྱལ་ཁབ་ནང་ མི་ག་དེམ་ཅིག་དང་ ལོ་ཚད་ག་དེ་རེ་འབད་མི་ཚུ་ལུ་ སྨན་ཁབ་ཚུ་ བཙུགས་ཡོདཔ་ཨིན་ནའི་ གནས་སྡུད་ཚུ་ཡང་ བཟོ་ཚུགས་ཟེར་ཨིན་པས།

ད་ལྟོ་ སྨན་ཁབ་ཚུ་ ནམ་བཙུགས་ནི་ཨིན་ན་དང་ རྒྱ་གར་ལས་ སྨན་ཁབ་ལན་ཐེངས་༢ པ་ ནམ་ལྷོད་ནི་ཨིན་ན་ གཏན་འཁེལ་མེདཔ་ཨིན་རུང་ ལྷོད་པའི་ཕྲལ་ལས་ འགོ་བཙུགས་ནི་ལུ་ གྲ་སྒྲིག་ཡོདཔ་ཨིན་པས།

འདས་པའི་དྲི་བ་དྲིས་ལན་ཅིག་ནང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ད་ལྟོ་ རྒྱ་གར་ལས་ སྨན་ཁབ་ལན་ཐེངས་༢ པ་ ནམ་ལྷོད་འོང་ག་ གཏན་འཁེལ་མེད་རུང་ སྨན་ཁབ་དེ་ ཟླཝ་འདི་ནང་ ངེས་པར་དུ་ བཙུགས་ཚུགས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *