ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལས་རིམ་ལུ་ བསྒྱུར་བཅོས་མེདཔ།

༉ འཛམ་གླིང་རྒྱལ་ཁབ་དག་ཅིག་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་དེ་ལུ་བརྟེན་ མི་ལུ་ཤི་རྐྱེན་བྱུང་དོ་ཡོད་པའི་ དོགས་སྣང་ཐོག་ལས་ བཀག་ཆ་འབད་ཡོདཔ་ཨིན་རུང་ འབྲུག་གིས་ སྨན་ཁབ་བཙུགས་ནིའི་ འཆར་གཞི་ཡོད་མི་དེ་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།

ཕྱིའི་རྒྱལ་ཁབ་ དཔེ་འབད་བ་ཅིན་ ཌེན་མཱག་དང་ ནོར་ཝེ་ དེ་ལས་ ཨ་འེསི་ལེནཌི་ཚུ་ནང་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལས་ མི་གི་གཟུགས་ཁར་ ཁྲག་འཁྱེགས་ཏེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ སླབ་ནི་དེ་གིས་ གནས་སྐབས་ཅིག་གི་དོན་ལུ་ བཀག་ཆ་འབད་ཡོདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ མ་གཞི་ རྒྱལ་ཁབ་གཞན་ཚུ་ནང་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལས་ ཁྲག་འཁྱེགས་མི་ལུ་བརྟེན་ མི་དག་པ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཨིན་རུང་ ད་ལྟོ་ ཤི་རྐྱེན་ཚུ་ སྨན་ཁབ་དེ་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་ཟེར་བའི་ ཚན་རིག་སྒྲུབ་བྱེད་མིན་འདུག་ཟེར་ ཨིན་པས།

ག་དེམ་ཅིག་སྦེ་ ཤི་རྐྱེན་ཚུ་ སྨན་ཁབ་དེ་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་པ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བཀག་ཆ་འབད་འོང་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ཚུ་ནང་ བཀག་ཆ་འབད་མི་དེ་ཡང་ ཤི་རྐྱེན་ཚུ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ན་ ལྟ་རྟོག་འབད་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།

ཕྱི་འབྲེལ་བློན་པོ་གིས་ བཤད་མིའི་ནང་ མི་ས་ཡ་༡༠ དེ་ཅིག་ལུ་ སྨན་ཁབ་དེ་ བཙུགས་པའི་སྐབས་ མི་༡༠ དང་༢༠ དེ་རེ་ལུ་ ཁྲག་འཁྱེགས་ཏེ་ ཤི་རྐྱེན་བྱུང་མི་དེ་ཡང་ རྐྱེན་གྱིས་སྦེ་ དུས་མཉམ་ལུ་ བྱུང་བྱུངམ་ཨིནམ་འོང་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ད་ལྟོ་ རྒྱ་གར་ལས་ སྨན་ཁབ་ཐེངས་༢ པ་དེ་ཡང་ ནམ་ལྷོད་འོང་ག་ གཏན་འཁེལ་མེད་རུང་ ལྷོདཔ་ཅིག་ར་ སྨན་ཁབ་བཙུགས་ནིའི་ལས་རིམ་ འགོ་བཙུགས་འོང་ཟེར་ཨིན་པས།

ད་རེས་ རྒྱ་གར་ལས་ སྨན་ཁབ་ལྷོད་ནི་ལུ་ དུས་ཡུན་འགོར་མི་དེ་ཡང་ ཁོང་རའི་རྒྱལ་ཁབ་ནང་ མཁོ་འདོད་རྒྱ་ཆེ་དྲགས་སྦེ་ ཡོད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།

ཨིན་རུང་ སྨན་ཁབ་ཚུ་ སྤྱི་ཟླ་༣ པའི་ནང་ར་ བཙུགས་ཚུགས་ཟེར་ བློན་པོ་ཌོག་ཊར་ རྟ་མགྲིན་གྱིས་ བཤདཔ་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་འབད་བ་ཅིན་ ད་ལྟོ་ འབྲུག་གི་ སྨན་ཁབ་བཙུགས་ནིའི་ལས་རིམ་དེ་ ཨ་རྟག་ཧར་ལུགས་སྦེ་ བཞག་ནི་མ་གཏོགས་ བསྒྱུར་བཅོས་མེད་ཟེར་ཨིན་པས།

ཕྱི་འབྲེལ་ལྷན་ཁག་གིས་ སྨན་ཁབ་ཐེངས་༢ པ་དེ་ ལེན་ནིའི་དོན་ལུ་ ཕྱག་ལཱ་གནང་བཞིན་དུ་ཡོདཔ་ལས་ སྒུག་སྟེ་ར་ ཡོད་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ རྒྱལ་ཁབ་གཞན་ཚུ་ནང་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ ཐོན་དོ་ཡོདཔ་བཞིན་དུ་ སྨན་ཁབ་ཚུ་ རྒྱལ་ཁབ་ནང་ལྷོད་དེ་ བཙུགས་ནི་འགོ་མ་བཙུགས་ཚུན་ མཁས་མཆོག་ཚུ་གིས་ ལྟ་རྟོག་འབད་བཞིན་དུ་ སྡོད་འོང་ཟེར་ཨིན་པས།

རྒྱལ་སྤྱིའི་གནས་ཚུལ་ཚུ་ནང་ བཀོད་དོ་བཟུམ་སྦེ་བ་ཅིན་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལས་ མི་ཚུ་གི་གཟུགས་ཁར་ ཁྲག་འཁྱེགས་པའི་ དཀའ་ངལ་ཚུ་བྱུང་ཡོདཔ་སྦེ་ བཀོད་དེ་འདུག།

ཌེན་མཱག་དེ་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ བཙུགས་ནི་ལས་ བཀག་ཆ་འབད་མི་ རྒྱལ་ཁབ་དང་པ་ཨིན་རུང་ ད་ལྟོ་ ཁྲག་འཁྱེགས་མི་དང་ སྨན་ཁབ་གཉིས་ཀྱི་བར་ན་ འབྲེལ་བ་གསལ་སྟོན་འབད་མ་ཚུགས་པར་ཡོད་ཟེར་ བཀོད་ནུག།

དེ་དང་འཁྲིལ་ ཐའི་ལེནཌི་རྒྱལ་ཁབ་ནང་ཡང་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་ བཙུགས་ནི་དེ་ མཚམ་འཇོག་འབད་ ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་དང་ མེག་སི་ཀོ་ དེ་ལས་ ཕི་ལི་པིནསི་ཚུ་ནང་འབད་བ་ཅིན་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་དེ་ འཕྲོ་མཐུད་དེ་ར་ བཙུགས་ནི་སྦེ་ སླབ་ཡོདཔ་ཨིན་པས།

ཀེ་ན་ཌ་གིས་ སྨན་ཁབ་དེ་དང་ ཁྲག་འཁྱེགས་མི་གཉིས་ཀྱི་བར་ན་ འབྲེལ་བ་ཡོད་པའི་ སྒྲུབ་བྱེད་མིན་འདུག་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *