ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ འཕྲལ་མགྱོགས་འཐོབ་ནི་ལུ་ སྒུག་དོ་ཡོདཔ།

རྒྱ་གར་ལུ་ བཟོ་སྦྱོར་འབད་མི་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ ཨེསི་ཊ་ཟེ་ནེ་ཀ་དང་ ཨོགསི་ཕོཌ་སྨན་ཁབ་ཚུ་ ཉིནམ་དག་པ་ཅིག་ནང་ འགོ་བཙུགས་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ ང་བཅས་ཀྱིས་ཡང་ འཐོབ་ཚུགསཔ་འབད་ནི་ཨིན་ཟེར་ ཨིན་པས།

སྨན་ཁབ་ཚུ་ འཐོབ་ཚུགསཔ་འབད་ནིའི་དོན་ལུ་ ཡིག་ཆ་ཚུ་ བཟོ་ཚར་ཡོདཔ་མ་ཚད་ ཟད་འགྲོ་ཚུ་ཡང་ ག་དེམ་ཅིག་ གཏང་དགོཔ་ཨིན་ནའི་ ཚོད་རྩིས་བཏོན་ཐོག་ལས་ གྲ་སྒྲིག་བཟོ་སྟེ་ཡོད་ཟེར་ ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ རྒྱང་མཐོང་ཐོག་ལས་ གསལ་བསྒྲགས་འབད་མིའི་ནང་ སྨན་ཁབ་ཀྱི་དོན་ལུ་ འབྲུག་དང་ རྒྱ་གར་གཞུང་གི་བར་ན་ ཡི་གུ་ལན་ཐེངས་༧ དེ་ཅིག་ བརྗེ་སོར་འབད་ཡི་ཟེར་ཨིན་པས།

མ་གཞི་ ད་ལྟོ་ཚུན་ ཀོ་བིཌ་-༡༩ འི་དོན་ལུ་ སྨན་ཁབ་ཁག་༤ དེ་ཅིག་ ཐོན་ཡོདཔ་ཨིན་རུང་ འཛམ་གླིང་རྒྱལ་ཁབ་ གཞན་ཚུ་བཟུམ་སྦེ་ ང་བཅས་ཡང་ སྨན་ཁབ་དེ་ རྒྱ་གར་ལས་ར་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་ཀྱི་སྤུས་ཚད་དང་ རིན་ཐང་ དེ་ལས་ ཐག་ཉེ་ཧིང་ཚུ་ ག་ཅི་ལས་བཅད་རུང་ རྒྱ་གར་ལུ་ བཟོ་སྐྲུན་འབད་མི་ ཨེསི་ཊ་ཟེ་ནེ་ཀ་དང་ ཨོགསི་ཕོཌ་སྨན་ཁབ་༢ ར་ དྲག་ནི་མས་ཟེར་ཨིན་པས།

མ་གཞི་ ཨེ་མི་རི་ཀ་ལུ་ཡང་ སྨན་ཁབ་ཚུ་བཟོ་སྟེ་ བཙུགས་ནི་འགོ་བཙུགས་ཡོདཔ་ད་ དེ་གི་དོན་ལུ་ཡང་ ང་བཅས་ཀྱིས་ ཡི་གུ་བཙུགས་ཡོད་རུང་ ཁོང་རའི་རྒྱལ་ཁབ་ནང་ར་ མ་ལང་པའི་དཀའ་ངལ་ཡོདཔ་ལས་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།

མ་གཞི་ ཨེ་མི་རི་ཀ་གིས་ཡང་ ག་དེ་དྲག་དྲག་ ཆ་རོགས་འབད་འོང་ཟེར་བའི་ ངོས་ལེན་འབད་ཡོདཔ་ཨིན་རུང་ སྨན་ཁབ་ཚུ་ ཐོན་སྐྱེད་དུམ་གྲ་རེ་ལས་བརྒལ་ འབད་མ་ཚུགས་པའི་ཁར་ ཁོང་རའི་རྒྱལ་ཁབ་ནང་ར་ མཁོ་འདོད་རྒྱ་ཆེ་དྲགས་སྦེ་ འདུག་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་ཀྱི་དོན་ལུ་ རྒྱལ་ཁབ་ནང་ མཁས་མཆོག་ཚུ་གིས་ ཟླ་ངོ་༧ དེ་ཅིག་གི་རིང་ གསུང་གྲོས་གནང་ཡོདཔ་ད་ ད་ལྟོ་ཚུན་ སྨན་ཁབ་དེ་དང་འབྲེལ་བའི་ སྒྲིག་གཞི་ལྷམ་པ་༣ བཟོ་ཚར་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ འདས་པའི་ཟླ་ངོ་༢ དེ་ཅིག་ལས་ གསུང་གྲོས་ལོགས་སུ་སྦེ་ར་ གནང་ཡོདཔ་བཞིན་དུ་ ད་ལས་ཕར་ སྨན་ཁབ་དེ་ལྷོདཔ་ཅིག་ ལག་ལེན་འཐབ་ཆོགཔ་ཨིན་ཟེར་ ཨིན་པས།

སྨན་ཁབ་དེ་ལུ་བརྟེན་པའི་ དཀའ་ངལ་རེ་འབྱུང་པ་ཅིན་ དེ་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ནའི་ ཁྲིམས་ལུགས་གསརཔ་ཚུ་ཡང་ བརྩམས་ཚར་ཏེ་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་དེ་ འཛམ་གླིང་ནང་ གསརཔ་འབད་ནི་དེ་གིས་ ད་ལྟོ་ཚུན་ འབྲུག་ལུ་ སྨན་ཁབ་དེ་ ནང་འདྲེན་གྱི་ སྒྲིག་གཞི་ཚུ་ཡང་མེདཔ་ལས་ གསརཔ་བཟོ་ཚར་ཡི་ཟེར་ཨིན་པས།

སྨན་ཁབ་དེ་ འབྲུག་མི་ཚུ་གིས་མ་ཚད་ འབྲུག་ལུ་སྡོད་མི་ག་ར་ལུ་ ཁྱབ་ཚུགསཔ་སྦེ་ བཙུགས་དགོ་པ་ཅིན་ སྨན་ཁབ་འབུམ་༡༢ དེ་ཅིག་ དགོ་ནི་དང་ ག་དེམ་ཅིག་སྦེ་ དེ་ཅིག་མ་འཐོབ་པ་ཅིན་ ག་དང་ག་ལུ་ར་ འཐོབ་དགོཔ་ཨིན་ན་ཚུ་ཡང་ ལེགས་ཤོམ་སྦེ་ འཆར་གཞི་བརྩམས་ཏེ་ཡོད་ཟེར་ཨིན་པས།

གལ་སྲིད་ ཉུང་སུ་ཅིག་ལས་བརྒལ་ མ་འཐོབ་པ་ཅིན་ ཉེན་ཁ་ཅན་གྱི་མི་རློབས་ གདོང་གཟང་སྟེ་ ལཱ་འབད་མི་ གསོ་བའི་ལས་བྱེདཔ་དང་ སྲུང་རྒྱབ་གི་ལཱ་འབད་མི་ བདེ་སྲུངཔ་ རྒྱལ་སྲུང་ དེ་ལས་ ཧེ་མ་ལས་ གཟུགས་ཁར་ ནད་གཞི་ཡོད་མི་ཚུ་ལུ་བྱིན་ནི་དང་ དེ་ལས་ཡང་ མང་སུ་ཅིག་འཐོབ་པ་ཅིན་ ཨ་རྟག་ར་ འགྲོ་འགྲུལ་འཐབ་སྡོད་མི་ ཚོང་པ་དང་ སྐྱེལ་འདྲེན་ཞབས་ཏོག་སྤྲོད་མི་ཚུ་ལུ་ཡང་ བྱིན་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

ཨིན་རུང་ ད་ལྟོའི་གནས་སྟངས་ནང་ སྨན་ཁབ་ལུ་ བློ་ཧྲིལ་བུམ་སྦེ་ གཏད་ནི་མི་འོང་ནི་ཨིནམ་ད་ དེ་ཡང་ སྨན་ཁབ་དེ་ ཚར་གཅིག་བཙུགས་པའི་ཤུལ་ལུ་ དུས་ཡུན་ག་དེམ་ཅིག་གི་རིང་ ནད་འབུབ་ལས་སྲུང་ཚུགས་འོང་ག་ ཏན་ཏན་མེད་ནི་དེ་གིས་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *