ནད་ཡམས་ཀོ་བིཌ་-༡༩ དང་ ནད་འབུབ་ཨེཆ་ཨའེ་བི?

༉ ན་ཧིང་ལས་ འཛམ་གླིང་ནང་ སྔོན་ཆད་མ་བྱུང་བའི་ ནད་གཞི་ཀོ་རོ་ན་བའེ་རཱསི་ཟེར་ ཡོངས་གྲགས་ལུ་ ཀོ་བིཌ་-༡༩ ཟེར་མི་དེ་ ཐོན་ཞིནམ་ལས་ཚུར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་གཙོས་པའི་ རྒྱལ་ཁབ་ཚུ་གིས་ ནད་ཡམས་དེ་ལུ་ གཙོ་རིམ་བཟུང་སྟེ་ གདོང་ལེན་འབདཝ་ད་ གདུག་ཅན་གྱི་ ནད་གཞི་གཞན་ཚུ་ བརྗེད་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི།

མ་གཞི་ འཛམ་གླིང་རྒྱལ་ཁབ་ཡོངས་ལུ་ ཉེན་འཚུབས་ཅན་ཅིག་ལུ་ གྱུར་ཡོད་མི་ ཀོ་བིཌ་-༡༩ དེ་ ཁྱབ་སྤེལ་མགྱོགས་དྲགས་སྦེ་ འགྱོཝ་མ་ཚད་ མི་ས་ཡ་༤ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ནད་ཡམས་སྔོན་འགོག་འབད་ནི་དེ་ ག་ནི་བ་ གལ་ཆེཝ་ཨིན་རུང་ སྨན་བཅོས་ཀྱིས་ དྲག་ཐབས་མེད་པའི་ ནད་གཞི་གཞན་ དཔེར་ན་ ཨེཆ་ཨའེ་བི་/ཨེཌསི་དང་ ཀེན་སར་ལ་སོགས་པ་ཚུ་ཡང་ དམ་འཛིན་འབད་ནི་ལུ་ འདྲན་འདྲ་འབད་ར་ གཙོ་རིམ་བཟུང་དགོཔ་ཅིག་ཨིན་མས།

གཙོ་བོ་ར་ ཉེན་སྲུང་གི་ ཐབས་ལམ་ལག་ལེན་མ་འཐབ་པར་ འདོད་སྤྱོད་འབད་མི་ལས་ཐོབ་མི་ ཨེཆ་ཨའེ་བི་ནད་འབུབ་དེ་ སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ སྔ་ཆ་ལུ་ ཐོན་ཞིནམ་ལས་ཚུར་ འཛམ་གླིང་ནང་ མི་ས་ཡ་༧༦ དེ་ཅིག་ལུ་ ཐོབ་ཡོད་མི་ལས་ ལོ་ངོ་བཅུ་ཕྲག་༣ ལྷགཔ་ཅིག་གི་ ནང་འཁོད་ལུ་ མི་ས་ཡ་༣༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།

སྤྱི་ལོ་༢༠༡༩ རྐྱངམ་གཅིག་གི་ནང་ར་ ནད་གཞི་ཨེཌསི་ལུ་བརྟེན་ མི་གྲངས་༦༩༠,༠༠༠ ལུ་ ཤི་རྐྱེན་བྱུང་མི་དེ་ ཧ་ལམ་ འབྲུག་གི་མི་འབོར་དང་ འདྲ་མཉམ་འཚམས་ཨིན་མས།

འབྲུག་རྒྱལ་ཁབ་ནང་ འབད་བ་ཅིན་ སྤྱི་ལོ་༡༩༩༣ ལུ་ ཨེཆ་ཨའེ་བི་ཐོབ་མི་དང་པ་ ངོས་བཟུང་འབད་ཞིནམ་ལས་ཚུར་ ཕོ་༤༠༡ དང་མོ་༣༧༢ འབདཝ་ད་ བསྡོམས་ཀྱིས་མི་༧༧༣ ལུ་ ནད་འབུབ་ཐོབ་ཡོད་མི་ལས་ སྤྱི་ལོ་༢༠༢༠ ལོ་ནང་ར་ མི་༥༤ ལུ་ ནད་འབུབ་ཡོདཔ་བཞིན་དུ་ འདས་པའི་ཟླཝ་༦ ནང་ མི་༣༢ ལུ་ ཨེཆ་ཨའེ་བི་ཐོབ་ཡོད་པའི་ ངོས་བཟུང་འབད་མིའི་གྲས་ཁར་ ཆོས་སྒོར་ཞུགས་མི་༣ ཡོད་མི་དེ་ ཧ་ལས་སི་སི་ཅིག་ཨིན་མས།

དེ་འབདཝ་ལས་ མི་ཚུ་གིས་ ཆོས་སྒོར་ཞུགས་མི་ཚུ་ལུ་ ནད་འབུབ་དེ་ ག་དེ་སྦེ་ ཐོབ་ཐོབ་ཨིན་ན་ཟེར་ དྲི་བཀོད་འབད་ནི་ འགོ་བཙུགས་ནུག།

ད་ཚུན་གྱི་བར་ན་ ཨེཆ་ཨའེ་བི་ནད་འབུབ་ལས་ ནད་གཞི་ཨེཌསི་ལུ་གྱུར་མི་ ནདཔ་བརྒྱ་ཕྲག་ལས་བཅད་དེ་ ཤི་རྐྱེན་བྱུང་ཡོདཔ་ལས་ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་དོ་བཟུམ་ ཨེཆ་ཨའེ་བི་འཐོབ་ནི་དེ་ཡང་ ཚད་འཛིན་འབད་ནིའི་དོན་ལུ་ བརྡ་དོན་ཤེས་ཡོན་སྤྲོད་དགོཔ་མ་ཚད་ དུས་དང་དུས་སུ་ བརྟག་དཔྱད་འབད་དགོ་པའི་ཁར་ ངོ་རྐྱང་ཚུ་གིས་འབད་རུང་ ངོ་མ་ཚ་བར་ རང་སོའི་ཁས་བླངས་ཐོག་ ཉེ་འདབས་ཀྱི་ སྨན་ཁང་ནང་ བརྟག་དཔྱད་འབད་བར་འགྱོ་དགོ།

གལ་སྲིད་ གཞུང་དང་ ངོ་རྐྱང་ཚུ་གིས་ ཀོ་བིཌ་-༡༩ ཁྱབ་སྤེལ་བཀག་ཐབས་ལུ་ གཙོ་བོར་བཏོན་ཏེ་ སྡོད་པ་ཅིན་ གདོང་ཁའི་ཁབ་བལྟ་བའི་ཟེར། །རྒྱབ་ཁའི་སྟ་རེ་བྱང་། །ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ ཨེཆ་ཨའེ་བི་/ཨེཌསི་གིས་ མི་སྟོང་ཕྲག་ལས་བཅད་དེ་ ཤི་རྐྱེན་དང་ རྒྱལ་ཁམས་ལུ་ སྨན་བཅོས་ཀྱི་ ཟད་འགྲོ་དངུལ་ཀྲམ་ས་ཡ་ལས་བཅད་དེ་ གཏང་དགོཔ་ འཐོན་ཉེན་ཡོད།

མ་གཞི་ གསོ་བ་ལྷན་ཁག་གིས་ ད་རིས་ཀྱི་ཟླཝ་ནང་ ཐིམ་ཕུག་དང་ སྤ་རོ་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་འབདཝ་ད་ རྫོང་ཁག་༦ ནང་ ཨེཆ་ཨའེ་བི་ནད་འབུབ་ཀྱི་ བརྟག་དཔྱད་འབད་ནིའི་ ལས་རིམ་བརྩམས་མི་དེ་ ལེགས་ཤོམ་ཨིན་རུང་ ཀོ་བིཌ་-༡༩ བཟུམ་སྦེ་ འཕྲལ་འཕྲལ་བརྟག་དཔྱད་འབད་བ་ཅིན་ སྨན་བཅོས་ཚུ་ དུས་ཚོད་ཁར་འབད་དེ་ ནད་གཞི་མེད་མི་བཟུམ་སྦེ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་ནི་དང་ རང་ལུ་ནད་གཞི་དེ་ཡོད་མེད་ ཧ་སུ་སྦེ་ ཤེས་ཚུགས་པའི་ ཁེ་ཕན་འདུག།

ཀོ་བིཌ་-༡༩ ལས་ ཉེན་སྐྱོབ་འབད་དགོ་པ་ཅིན་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་ཚུལ་ལྡན་སྦེ་ ཆུ་འཁྱུ་ནི་དང་ སྨན་ཆུ་དབུར་ནི་ མི་འཛོམས་སར་ འགྱོ་ནི་དེ་ འཛེམ་དགོཔ་ཨིན་རུང་ ཨེཆ་ཨའེ་བི་དེ་ གཙོ་བོ་ར་ ལུས་འབྲེལ་ལུ་བརྟེན་ ཐོབ་དོ་ཡོདཔ་ལས་ ལུས་འབྲེལ་ག་ཚུད་གོ་ཐོབ་འབད་རུང་ ཕོ་མཚན་ཤུབས་དང་ ཉེན་སྲུང་གི་ ཐབས་ལམ་གཞན་ཚུ་ ལག་ལེན་འཐབ་དགོ།

དེ་འབདཝ་ལས་ གཞུང་དང་ ངོ་རྐྱང་ཚུ་གིས་འབད་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་རྐྱངམ་གཅིག་མེན་པར་ ཨེཆ་ཨའེ་བི་ནད་འབུབ་དེ་ཡང་ ཚད་འཛིན་ཐོག་ བཞག་ཐབས་ལུ་ དུས་དང་དུས་སུ་བརྟག་དཔྱད་འབད་དགོཔ་དེ་ཡང་ཁག་ཆེ། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *