རྐྱང་གནས་ཁང་གི་བཞེས་སྒོ།

ནད་ཡམས་ཀོ་བིཌ་-༡༩ ཐོབ་སྟེ་ རྐྱང་གནས་ཁང་ནང་སྡོད་པའི་ ཉམས་མྱོང་།

༉ སྤྱི་ཟླ་༣ པའི་ནང་ ང་རང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་གི་ ཕྱག་ཞུ་སྟེ་ བང་ལ་དེཤི་རྒྱལ་ཁབ་ནང་ ཁོང་གི་རྒྱལ་ཁབ་རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་དང་ བང་ལ་དེཤི་རྒྱལ་ཁབ་ གཞི་བཙུགས་འབད་མི་ བང་ག་བཱོན་དུ་ ཤེག་མུཇི་བིར་ རཱ་མཱན་ཟེར་མིའི་ བརྒྱ་འཁོར་འཁྲུངས་སྟོན་བརྩི་སར་ གནས་ཚུལ་བསྡུ་ལེན་འབད་བར་སོང་ཡི།

དུས་སྟོན་དེ་ནང་ལས་ ལོག་རྒྱལ་ཁབ་ནང་ལྷོད་དེ་ ཉིན་གྲངས་༢༡ གི་ཟུར་བཞག་ནང་ སྡོད་པའི་སྐབས་ ཉིན་གྲངས་༡༠ ལངམ་ད་ གསོ་བའི་བརྟག་དཔྱད་ནང་ ང་རང་ལུ་ ནད་འབུབ་ཀོ་རོ་ན་བའེ་རཱསི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི།

ང་རང་ལུ་ ནད་འབུབ་ཐོབ་ཡོད་པའི་ ལོ་རྒྱུས་གོཝ་ཅིག་ སེམས་ཁར་ཚ་གྱང་ལང་ འདྲོག་འབྱེལ་འཐབ་ དེ་ལས་ སྤྱགས་སྡུག་འཐབ་པའི་ཉམས་སྣང་ ལེ་ཤ་ཅིག་ར་བྱུང་ཡི།

སེམས་ཚ་གྱང་ལང་སྟེ་ སྡོད་པའི་བར་ན་ར་ ད་རུང་ གསོ་བའི་ལས་བྱེདཔ་ཚུ་གིས་ ང་རང་ ཟུར་བཞག་ས་ཁོངས་ནང་ལས་ རྐྱང་གནས་ས་ཁོངས་ནང་ སྤོ་བཤུད་འབད་ནི་ཨིནམ་ལས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་དེ་ ཟུར་བཞག་ས་ཁོངས་ཀྱི་ ཕྱི་ཁར་ལྷོད་ཡོདཔ་སྦེ་སླབ་ཅི།

ང་གིས་ ང་རའི་ཁང་མིག་གི་ སྒོ་སྒྲིག་ནང་ལས་མར་ ཟ་ཁང་གི་ རྩ་བར་ལྟ་བའི་སྐབས་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་དེ་ རྒྱབ་ཁའི་སྒོ་ཕྱེས་ཏེ་ དེ་གི་རྩ་བར་ ཉེན་སྲུང་གི་ གོ་ལ་དཀརཔོ་གྱོན་མི་ དེད་གཡོགཔ་དེ་ ལོང་སྡོད་སར་མཐོང་ཡི།

དེ་གི་སྐབས་ སེམས་ཁ་ལུ་ ཧེང་སྐལ་ར་ སེམས་ཚ་གྱང་ལང་སྟེ་ འདྲོག་བྱེལ་འཐབ་དགོཔ་ཐོན་པའི་ཁར་ ད་ལས་ཕར་ ནད་འབུབ་དེ་ལུ་བརྟེན་ ང་རང་ ཤི་འོང་ག་ ཡང་ཅིན་ དྲག་འོང་ག་མནོ་བའི་ ཚ་གྱང་དཔག་ཏུ་མེདཔ་ཅིག་བྱུང་ཡི།

ཨིན་རུང་ ང་རང་ ཟུར་བཞག་ས་ཁོངས་ནང་ལས་ སྤོ་བཤུད་འབད་འགྱོ་དགོཔ་ ངེས་བདེན་ཨིནམ་བཞིན་དུ་ ང་རའི་ ཅ་ལ་ཚུ་བསྡམས་ཏེ་ སེམས་ཚབས་འཚུབ་ཀྱི་ངང་ལུ་ ཁང་མིག་ནང་ལས་ཐོན་ཏེ་ ཕྱི་ཁར་བལྟ་སྟེ་ འགྱོ་བའི་ལམ་ཁར་ དེ་བསྒང་ སྒྲིག་རྒྱུག་སྡོད་མི་ བདེ་སྲུངཔ་ཚུ་ཡང་ ཚ་ངེར་བཏོན་ཏེ་ ང་འགྱོ་སའི་ལམ་ཁ་ལས་ ཕར་ཚུར་ཟུར་ཞིནམ་ལས་ ནདཔ་འབག་མི་སྣུམ་འཁོར་ཕྱི་ཁར་ སྒུག་སྟེ་ཡོད་ཟེར་སླབ་ཨིན་པས།

ཟ་ཁང་ནང་ལས་ཐོནམ་ཅིག་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ནང་ འཛུལ་བའི་སྐབས་ སྣུམ་འཁོར་དེ་ནང་ སྲོག་རླུང་ཨོག་སི་ཇིན་གྱི་ དུང་ཅུང་ཚུ་དང་ འཕྲུལ་ཆས་ཚུ་ བཙུགས་བཞག་ཡོདཔ་ མཐོང་མི་དེ་གིས་ཡང་ སེམས་ཁར་འཇིགས་སྣང་སྦོམ་སྦེ་ར་བྱུང་ཡི།

དེ་ལས་ སྨན་ཁང་གི་ སྣུམ་འཁོར་དེ་གིས་ ང་རང་ རྐྱང་གནས་ཁང་ནང་ འབག་བསྐྱལ་ཏེ་ ཁང་མིག་དེ་ནང་ འཛུལ་བའི་སྐབས་ སེམས་ཁར་ ང་རའི་བུ་དང་ ཨའི་ དེ་ལས་ ནང་མི་ཉེ་ཚན་ཚུ་ཡང་ ཤུགས་སྦེ་ར་ དྲན་པའི་ཁར་ ཁོང་གིས་ང་ལུ་ ནད་འབུབ་ཐོབ་ཡོད་པའི་སྐོར་ལས་ཤེས་པ་ཅིན་ གནས་ཚུལ་དེ་ལུ་ ངོས་ལེན་ག་དེ་སྦེ་ འབད་འོང་ག་ཟེར་བའི་ ཚ་གྱང་ཚད་མེདཔ་ཅིག་ ལང་སྡོད་པའི་བར་ན་ བང་ལ་དེཤི་ལུ་འགྱོ་མི་ སྡེ་ཚན་གྱི་ འཐུས་མི་ཚུ་ལུ་ ནད་འབུབ་ཐོབ་ཡོད་པའི་ གནས་ཚུལ་ཁྱབ་སྤེལ་ཡར་སོ་ཡི།

དེ་དང་འཁྲིལ་ ལྟ་ལྟོ་ཚང་དང་ ནང་མི་ཉེ་ཚན་ ལ་ལོ་ཅིག་ལས་ ང་ལུ་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ བརྡ་འཕྲིན་དང་ བརྒྱུད་འཕྲིན་ཚུ་ ལྷོད་ནི་འགོ་བཙུགས་ཡི།

དེ་གི་སྐབས་ལུ་ ཧེ་མ་ལས་ སེམས་ཚབས་འཚུབས་སྦེ་ སྡོད་པའི་གུ་ ང་རའི་འགྲུལ་འཕྲིན་ནང་ལས་ འགྲུལ་འཕྲིན་དང་ བརྡ་འཕྲིན་གྱི་ བརྡ་སྐད་ཚུ་རྐྱབ་པའི་སྐབས་ ཙིག་མུག་ལང་ནི་དང་ སེམས་འདྲོག་བྱེལ་འཐབ་ནི་ཚུ་འོང་ཡི།

ཨིན་རུང་ རྩ་འགེངས་ཏེ་ར་ འགྲུལ་འཕྲིན་འཐུ་སྟེ་ ང་རང་ ནད་འབུབ་མ་འཐོབ་པར་ ལེགས་ཤོམ་སྦེ་ཡོད་ཟེར་ ཤོབ་རྐྱབ་དགོཔ་ཐོན་པའི་ཁར་ བརྡ་འཕྲིན་ཚུ་ནང་ཡང་ ལ་ལོ་ཅིག་ལུ་ ཤོབ་རྐྱབ་སྟེ་ ལན་སླབ་ཡོདཔ་ད་ ལ་ལོ་ཅིག་ ངོས་ལེན་ར་ མ་འབད་བར་བཞག་ཡི།

ཉིནམ་དེ་ལས་འགོ་བཙུགས་ ཨ་རའི་ཨའི་དང་ སྤུན་ཆ་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ འགྲུལ་འཕྲིན་བཏངམ་ད་ཡང་ འཕྲོ་མཐུད་དེ་ ཤོབ་རྐྱབ་སྟེ་ར་ བཞག་ཡོདཔ་ད་ ང་རང་ རྐྱང་གནས་ནང་ ཟླ་ངོ་༡ དེ་ཅིག་སྡོད་པའི་ཤུལ་ལུ་ ནད་འབུབ་ལས་ དྲག་ཡོདཔ་ཨིན་རུང་ ང་རའི་ ཕོ་རྒནམ་རྐྱངམ་གཅིག་ལུ་ སླབ་མ་གཏོགས་ གཞན་ལས་གསང་སྟེ་ར་ བཞག་ཡོདཔ་ལས་ ད་རིས་ གནས་ཚུལ་འདི་ མཐོང་བའི་སྐབས་ རྣམ་ཏོག་ཡང་ ལང་ནི་འོང་།

དེ་ལས་ རྐྱང་གནས་ཁང་ནང་ སེམས་ཁར་ཚ་གྱང་སྦོམ་སྦེ་ར་ ལང་མི་ལུ་བརྟེན་ འཕྲལ་འཕྲལ་སྦེ་ར་ ནད་འབུབ་དེ་གི་ ནད་རྟགས་ཚུ་ ཐོན་དོ་བཟུམ་དང་ འཕྲལ་འཕྲལ་སྦེ་ ག་ཅི་གི་སྐོར་ལས་ མནོ་བཟམ་བཏང་རུང་ སེམས་མ་དགའ་བའི་ གནས་སྟངས་ཤར་ཡི།

དེ་མ་ཚད་ རྐྱང་གནས་ཁང་དང་ ཟུར་བཞག་ཁང་ཚུ་ནང་ ཁང་མིག་གི་ ཡོ་ལ་རིམ་པ་༢ སྦེ་ ཡོད་ས་ལས་ ཕྱི་ཁ་གི་ སྟུག་པག་པ་དེ་མ་གཏོགས་ ནང་ན་གི་ སྲབ་ཁྲོས་ཁྲོས་དེ་ རྩ་ལས་ར་ ཕྱེ་མ་ཆོགཔ་ལས་ དེ་གིས་ཡང་ ཧེང་སྐལ་ར་ ན་དོ་བཟུམ་དང་ རླུང་བསིལ་ཏོང་ཏོ་ བུང་ཐེངས་ཅིག་ ལེན་དགོ་མནོ་བའི་ རེ་དོད་སྦོམ་སྦེ་ར་ བསྐྱེད་དགོཔ་བྱུང་ཡི།

དེ་བཟུམ་སྦེ་ གཞུང་གི་ལམ་ལུགས་དང་འཁྲིལ་ དུས་ཚོད་ཚུ་ནང་ བརྟག་དཔྱད་འབད་བའི་སྐབས་ ད་ལྟོ་ཡང་ མ་དྲག་པས་ཟེར་ སླབ་པའི་སྐབས་ལུ་ དེ་གིས་ཧེང་སྐལ་ར་ སེམས་ཤི་ནི་དང་ ཚ་གྱང་ལང་དགོཔ་བྱུང་ཡི།

ཨིན་རུང་ ནམ་ཅིག་འབདཝ་ད་ ཕྱི་རུ་ཁམས་ཅིག་ཁར་ ངེ་གི་ཁང་མིག་གིས་ སྒོའི་བརྡ་སྐད་རྐྱབ་མི་དང་འཁྲིལ་ ང་གིས་ སྒོ་ཕྱེས་ལྟ་བའི་སྐབས་ ཆུ་ཤོག་གིས་སྒམ་རྐྱབ་པའི་ ལག་རྟགས་ཅིག་ མཐོང་ཡོདཔ་ད་ ཆུ་ཤོག་གུ་ལས་སྦེ་མཐོང་མི་ ཤོག་གུ་ཅིག་གུ་བྲིས་མི་ བརྡ་འཕྲིན་དེ་ ལྷག་ལྟ་བའི་སྐབས་ ‘མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལས་ མགྱོགས་པར་དྲག་པའི་རེ་བ་ཡོད་ཟེར་’ བྲིས་མི་དེ་མཐོངམ་ད་ སེམས་ག་དེམ་ཅིག་ མ་དགའ་བར་སྡོད་རུང་ ཚར་གཅིག་ ནད་འབུབ་ལས་ དྲག་སོ་པའི་ ཚོར་སྣང་བྱུང་ཡི།

མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ ཀྱིས་ གསོལ་རས་དེ་ནང་ སོ་བཀྲུ་དང་ སོ་སྨན་ལས་འགོ་བཙུགས་ སྨན་དང་ མལ་ཆ་ ཁེན་ཇར་ ཁ་ཟས་ སྲུང་སྐུད་ལ་སོགས་པ་ཚུ་ག་ར་ གནང་བཏང་ཡོདཔ་སྦེ་ མཐོང་བའི་ཤུལ་ལུ་ མི་དབང་རྣམ་༢ ཀྱིས་ མི་སེར་ཚུ་ལུ་ ཐུགས་ཀྱི་ཚ་གྱང་དང་ བརྩེ་བ་གནང་མི་ལུ་ སེམས་འཁྲུལ་སྣང་དང་ དགའ་བ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཞུ་ནི།

སྤྱིར་བཏང་ ནད་གཞི་གཞན་ལུ་བརྟེན་ ག་དེམ་ཅིག་ ཚབས་ཆེན་སྦེ་ ན་སྟེ་འབད་རུང་ རང་གི་ཕམ་དང་ སྤུན་ཆ་ཚུ་གིས་ མཐའ་བསྐོར་ཏེ་ སྡོད་ནི་ཡོདཔ་ལས་ དགའ་ནི་ཨིན་རུང་ ནད་འབུབ་ཀོ་རོ་ན་བའེ་རཱསི་དེ་ ཐོབ་པའི་བསྒང་ལས་ སེམས་སྡུག་ག་དེམ་ཅིག་ར་མྱོང་རུང་ རང་རྐྱངམ་གཅིག་སྦེ་ སྡོད་དགོཔ་ལས་ ག་དེ་དྲག་དྲག་ ནད་འབུབ་དེ་ལས་ ཟུར་སྡོད་དགོཔ་དེ་ ཁག་ཆེ་བས་ཟེར་ ཞུ་ནི་ཨིན།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *