ཐིམ་ཕུག་ཁྲོམ་གྱི་གློག་བརྙན་ཁང་།

ནད་ཡམས་ཀོ་བིཊ་-༡༩ ལུ་བརྟེན་ གློག་བརྙན་ཁང་དང་ བཟོ་སྐྲུན་པ་ཚུ་ལུ་ ཐོ་ཕོག་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཐིམ་ཕུག་ནང་འཁོད་ཀྱི་ གློག་བརྙན་ཁང་ཚུ་ སྒོ་བསྡམས་ཏེ་ ལོ་༡ ལང་ཡོདཔ་ལས་ གློག་བརྙན་ཁང་གི་ ཇོ་བདག་དང་ བཟོ་སྐྲུན་འབད་མི་ཚུ་གི་རེ་བ་ལུ་ གཞུང་གིས་ ལམ་སྟོན་དང་ ལོག་སྟོན་ཆོག་པའི་ གནང་བ་མ་གནང་ནི་དེ་གིས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ མི་ཐུག་ག་ཟེར་ཨིན་པས།

ནད་ཡམས་དེ་གིས་ ལས་སྡེ་གཞན་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་བཟུམ་སྦེ་ གློག་བརྙན་ཚོགས་པའི་ ཚོང་འབྲེལ་ལུ་ཡང་ ཐོ་སྦོམ་སྦེ་ར་ཕོག་སྟེ་ ཡོདཔ་ཨིན་པས།

འབྲུག་གློག་བརྙན་ཚོགས་པ་གིས་ ནད་ཡམས་ཀྱི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ ཉེན་སྲུང་དང་ལྡན་པའི་ཐོག་ལས་ གློག་བརྙན་ཁང་ཚུ་ སྒོ་ཕྱེ་སྟེ་ གློག་བརྙན་ནིའི་ གྲོས་འཆར་ཚུ་ གཞུང་ལུ་ ཚར་༣ ཕུལ་རུང་ ངོས་ལེན་མ་གནང་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ གཞུང་གི་གནང་བ་ལུ་ སྒུག་དོ་ཡོདཔ་ཨིན་པས།

ད་རེས་ གློག་བརྙན་གསརཔ་༣༠ བཟོ་ཚར་མི་ཚུ་ སྟོན་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་ད་ འབྲུག་གློག་བརྙན་ཚོགས་པའི་ གཙོ་འཛིན་ དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ གློག་བརྙན་ཁང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ བཟོ་སྐྲུན་འབད་ཚར་མིའི་ གློག་བརྙན་ཚུ་ སྟོན་ཚར་ནི་ལུ་ ལོ་༢ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།

ཐིམ་ཕུག་ལུ་ གློག་བརྙན་སྟོན་ས་༣ བརྒལ་མེདཔ་བཞིན་དུ་ ནད་ཡམས་ཀྱི་ གནས་སྟངས་ལུ་ འགྱུར་བ་མེད་པ་ཅིན་ ད་ལྟོ་ གློག་བརྙན་སྟོན་ཁང་ཚུ་ཡང་ ཚོང་འབྲེལ་གྱི་དོན་ལུ་ བསྒྱུར་བཅོས་འབད་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

གླུ་གར་གློག་བརྙན་འགོ་འདྲེན་པ་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ གློག་བརྙན་སྟོན་མ་ཆོག་པར་ སྒོ་བསྡམས་བཞག་སྟེ་ ཟླཝ་༡༣ ལང་པའི་ཁར་ ཟླ་རིམ་བཞིན་དུ་ ཁང་གླ་ དངུལ་ཀྲམ་༢༥༠,༠༠༠ བཏབ་དོ་ཟེར་ཨིན་པས།

གློག་བརྙན་ཁང་དེ་ནང་ མི་༥༠༠ གི་ ཤོང་ཚད་ཡོད་རུང་ འོང་འབབ་བཟོ་ནིའི་ གོ་སྐབས་མིན་འདུག་ཟེར་ཨིན་པས།

གལ་སྲིད་ ཀོ་བིཌ་གི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ ཉེན་སྲུང་དང་ལྡནམ་སྦེ་ ལག་ལེན་འཐབ་པ་ཅིན་ གཞུང་གིས་ གནང་ནིའི་རེ་བ་ཡོད་ཟེར་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་ཁར་ཡོད་པའི་ མིག་སི་ནི་མ་ གློག་བརྙན་ཁང་གི་ འགོ་འདྲེན་འཐབ་མི་ ཟླ་བ་མགོན་པོ་གིས་ ཁྱིམ་ཁང་གླ་ཁར་ལེན་ཏེ་ ལོ་༥ ལང་ཡོདཔ་ད་ ཟླ་རིམ་བཞིན་དུ་ ཁང་གླ་ དངུལ་ཀྲམ་༣༢,༠༠༠ རེ་བཏབ་མི་དེ་ཡང་ ནད་ཡམས་ཀྱི་སྐབས་ བཏབ་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གློག་བརྙན་སྟོན་ནིའི་དོན་ལུ་ མདོ་ཆེན་དང་ བཟོ་སྐྲུན་པ་ཚུ་གིས་ ཁང་མིག་མཁོ་མངགས་འབད་དེ་ ལོ་༡ ལང་སོ་ཡི་ ཟེར་ཨིན་པས།

གློག་བརྙན་བཟོ་མི་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ ཁོ་གི་གློག་བརྙན་དེ་ ན་ཧིང་ ཐིམ་ཕུག་ཚེས་བཅུའི་སྐབས་ འགོ་འབྱེད་འབད་དེ་ མི་མང་ལུ་ སྟོན་ནི་ཨིན་རུང་ ནད་ཡམས་ལུ་བརྟེན་ སྟོན་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།

འཚོ་བ་སྐྱོང་ཐབས་ལུ་ གཞུང་ལུ་ སྐྱིན་འགྲུལ་གྱི་ གྲོས་འཆར་བཙུགས་རུང་ ད་ལྟོ་ ངོས་ལེན་མ་གནངམ་ལས་ གློག་བརྙན་ཚོགས་པའི་ནང་ ལཱ་འབད་མི་ མཁས་མཆོག་དང་ ཉམས་མྱོང་ཅན་ཚུ་ ལས་སྡེ་གཞན་ཚུ་ནང་ འཛུལ་ཚར་དོ་ཟེར་ ཨིན་པས།

གློག་བརྙན་བཟོ་སྐྲུན་པ་དང་ མདོ་ཆེན་ཅིག་ཨིན་མི་ ཝིསི་ཌོམ་ པིག་ཅཱར་ལས་ ཡེ་ཤེས་ཚེ་རིང་གིས་ སླབ་མིའི་ནང་ ནད་ཡམས་ལུ་བརྟེན་ གྱོང་རྒུད་སྦོམ་ཕོག་པའི་ཁར་ གློག་བརྙན་སྟོན་མ་ཚུགས་མི་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཡང་ སྤྲོད་མ་ཚུགས་ཟེར་ཨིན་པས།

གློག་བརྙན་བཟོ་ནིའི་དོན་ལུ་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ཡོདཔ་མ་ཚད་ སྒེར་སྡེ་ཚུ་ལས་ཡང་ སྐྱིན་འགྲུལ་ལེན་ཡོདཔ་ལས་ སྐྱིན་ཚབ་བཏབ་ནི་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།

འཛམ་གླིང་རྒྱལ་སྤྱིའི་ནང་ཡང་ ཉེན་སྲུང་དང་ལྡན་པའི་ཐོག་ལས་ གློག་བརྙན་ཁང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ འབྲུག་ལུ་ཡང་ གོ་སྐབས་གནང་དགོཔ་འདུག་ཟེར་ཨིན་པས།

གློག་བརྙན་༡ བཟོ་སྐྲུན་འབད་ནི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ ལས་ དངུལ་ཀྲམ་ས་ཡ་༡༠ གྱི་བར་ན་ གནས་དོ་ཡོད་པའི་ཁར་ གློག་བརྙན་བཟོ་ཚར་ནི་ལུ་ ཉིནམ་༤༥ དེ་རེ་ འགོར་མི་གིས་ དཀའ་ངལ་དང་ གདོང་ལེན་ཚུ་ སྦོམ་ར་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *