ནད་འབུབ་ཨེཆི་ཨའེ་བི་ཐོབ་མི་ཚུ་གིས་ ཁོང་ཆ་ཁྱབ་ དབྱེ་བ་ཕྱེ་དོ་བཟུམ་སྦེ་ ཚོར་ཡོདཔ།

༉ ནད་འབུབ་ཨེཆི་ཨའེ་བི་ཐོབ་མི་ཚུ་ལུ་ དབྱེ་བ་ཕྱེ་ནི་དང་ རྣམ་རྟོག་ཟ་མ་ཆོག་པའི་ སྲིད་བྱུས་ཡོད་དེ་འབད་རུང་ བཀག་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ གཞུང་མིན་ལས་སྡེ་ཅིག་ཨིན་མི་ ལྷག་བསམ་གྱི་ བཀོད་ཁྱབ་མདོ་ཆེན་ དབང་དྲག་རྡོ་རྗེ་དེ་ གཟུགས་ཁར་ ནད་འབུབ་ཨེཆི་ཨའེ་བི་ཐོབ་ཡོདཔ་ ཤེས་མི་ལུ་བརྟེན་ གཟུགས་སྟོབས་སྒྲིང་སྒྲི་བཟོ་ནིའི་ ལུས་སྦྱོང་ཇིམ་ནང་ འཛུལ་ནིའི་བློ་འདོད་ཡོད་རུང་ ཇོ་བདག་དེ་གིས་ འཛུལ་མ་བཅུགཔ་ཨིན་པས།
སྐྱེས་ལོ་༤༢ ལང་མི་ དབང་དྲག་རྡོ་རྗེ་གིས་ ཁོ་རའི་གཟུགས་ཁར་ ནད་འབུབ་ཨེཆི་ཨའེ་བི་ ཐོབ་སྟེ་ཡོད་ཟེར་ མི་མང་གི་གདོང་ཁར་ གསལ་སྟོན་འབད་མི་ འགོ་དང་པ་ཨིནམ་ད་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ མི་མང་གི་གདོང་ཁར་ཐོན་ཏེ་ ལོ་༥ ལྷགཔ་ཅིག་ སོང་ཡོདཔ་ད་ ད་ལྟོ་ཚུན་ཚོད་ཀྱི་རིང་ མི་ཚུ་གིས་ ཁོ་མཐོངམ་ད་ སྐྱོ་དྲགས་སྦེ་བརྩི་ནི་དང་ རྣམ་རྟོག་ཟ་ནི་ དེ་ལས་ ཉེ་རིང་ཕྱེ་དོ་ཡོདཔ་ཨིན་རུང་ ཁོ་ར་ སེམས་སྒྲིང་སྒྲི་སྦེ་ བཞག་ཚུགས་མི་ལུ་བརྟེན་ དྲག་པས་ཟེར་ཨིན་པས།
དབང་དྲག་རྡོ་རྗེ་གིས་འབད་བ་ཅིན་ ཁོ་ར་ ནང་ན་ལས་ སེམས་སྒྲིང་སྒྲི་ཡོད་རུང་ གཟུགས་སྟོབས་ཉམས་དོ་བཟུམ་མའི་ ཚོར་སྣང་བྱུངམ་ལས་ གཟུགས་སྟོབས་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ ལུས་སྦྱོང་ཇིམ་ནང་ འཛུལ་ནི་སྦེ་ ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།
ཁོ་གིས་ འགོ་དང་པ་ ལུས་སྦྱོང་ཇིམ་ནང་ འཛུལ་ནིའི་དང་འདོད་བསྐྱེད་པའི་སྐབས་ ཁོ་རའི་ ཆ་རོགས་ཨིན་མི་ ཇིམ་གྱི་ཇོ་བདག་དེ་གིས་ ངོས་ལེན་ལེགས་ཤོམ་འབད་ཡོདཔ་ཨིན་རུང་ ཟླཝ་༣ གྱི་ཤུལ་ལས་ བལྟ་བར་འགྱོ་བའི་བསྒང་ལས་ ཇོ་བདག་དེ་གིས་ བློ་ལེགས་ཤོམ་སླབ་མ་བཏུབ་མ་ཚད་ དུས་ཡུན་སྐར་མ་དག་པ་ཅིག་གི་ཤུལ་ལས་ ལུས་སྦྱོང་ནང་ འཛུལ་ནི་གི་ འོས་འབབ་མེད་པའི་སྐོར་ལས་ སླབ་མས་ཟེར་ཨིན་པས།
ཨིན་རུང་ ཁོ་ར་ སེམས་ཕམ་མ་འབྱུང་མི་དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཁོ་ར་ སེམས་སྒྲིང་སྒྲི་ཡོད་ནི་དེ་གིས་ཨིནམ་མ་ཚད་ ཇོ་བདག་དེ་ལུ་ཡང་ མ་དགའཝ་མ་བསྐྱེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ འཛམ་གླིང་ཨེཌསི་གི་ཉིནམ་ བརྩི་སྲུང་འབད་བའི་ཤུལ་ལུ་ འབྲུག་ཟ་ཁང་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་གཅིག་ཁར་ ཉིན་མའི་ལྟོ་བ་ བཟའ་བའི་སྐབས་ བློན་ཆེན་གྱིས་ ནད་གཞི་ཡོད་མི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐངས་དང་ གསུངས་ཐངས་ཀྱི་སྐོར་ལས་ སེམས་མ་དགའ་བའི་ ལོ་རྒྱུས་ཚུ་ཡང་ བཤདཔ་ཨིན་པས།
སྐྱེས་ལོ་༤༨ ལང་མི་ ནད་འབུབ་ཨེཆི་ཨའེ་བི་ཐོབ་མི་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ བློན་ཆེན་གྱིས་ ཁོ་ལུ་ ག་དེམ་ཅིག་སྦེ་ ཁྱོད་ཀྱི་གཟུགས་ཁར་ ནད་འབུབ་ཨེཆི་ཨའེ་བི་མེད་པ་ཅིན་ ཌེ་གཱོན་རྐང་འཁོར་གྱི་རྒྱུག་འགྲན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་མ་ཐོབ་འོང་ཟེར་ གསུངས་མི་དེ་ལུ་ སེམས་ཕམ་བྱུང་ཡི་ཟེར་ སླབ་ཨིན་པས།
མ་གཞི་ བློན་ཆེན་གྱིས་ དེ་སྦེ་གསུངས་པའི་སྐབས་ ཁོ་ལུ་ དམའ་ཕབ་རྐྱབ་ནི་དང་ སྐྱོ་སྐྱོཝ་ཨིན་ཟེར་ གསུངས་ནིའི་དོན་ལུ་མེན་རུང་ བློན་ཆེན་གྱིས་ དེ་སྦེ་གསུངསམ་ད་ལུ་ སེམས་དང་མ་ལྡན་ཟེར་ཨིན་པས།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ལུ་སྡོད་མི་ སྐྱེས་ལོ་༢༤ ལང་མི་ ཨམ་སྲུ་ཅིག་ལུ་ཡང་ ཁྱོད་ར་ དཔེ་ཆ་མ་ལྷབ་སྟེ་འབད་རུང་ ད་ལྟོ་ཡིག་ཚང་ནང་ ལཱ་འབད་ནིའི་གོ་སྐབས་ ཐོབ་ཚུགས་མི་དེ་ཡང་ ཁྱོད་རའི་གཟུགས་ཁར་ ནད་འབུབ་ཨེཆི་ཨའེ་བི་ ཐོབ་ཡོད་ནི་དེ་གིས་ཨིན་མས་ཟེར་ གསུངས་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ མི་གཞན་གྱིས་ དམའ་ཕབ་རྐྱབ་ནི་དང་ དབྱེ་བ་ཕྱེ་དོ་འོང་ཟེར་བའི་ ཚ་གྱང་ལུ་བརྟེན་ མི་མང་གི་གདོང་ཁར་ མ་འཐོན་མི་ཅིག་ཨིན་རུང་ བློན་ཆེན་གྱིས་ དེ་སྦེ་གསུངས་པའི་སྐབས་ ལྷག་བསམ་ནང་ ལཱ་འབད་མི་དང་ འབྲུག་ཟ་ཚང་ནང་ ལཱ་འབད་མི་ ལེ་ཤ་ཡོདཔ་ལས་ དེ་ཚུའི་གདོང་ཁར་ དེ་སྦེ་གསུངས་མི་དེ་ལུ་ སེམས་མ་དགའ་ཟེར་ཨིན་པས།
འབྲུག་གི་བློན་ཆེན་གྱིས་ དེ་སྦེ་གསུངསམ་ད་ དཔེ་ཆ་མ་ཤེས་མི་ མི་གནགཔ་ཚུ་གིས་ ཁོང་གི་གནས་སྟངས་སྐོར་ལས་ མནོ་བསམ་ག་བཟུམ་ བཏང་དོ་འོང་ག་ཟེར་བའི་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་གྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གི་ཁ་ཐུག་ལས་ ནད་གཞི་ཡོད་མི་དང་ མེད་མིའི་བར་ན་ དབྱེ་བ་མ་ཕྱེ་བའི་ཁར་ ཁོང་དང་གཅིག་ཁར་ ལགཔ་མཐུད་དེ་ ཕངམ་ཡང་ བཏབ་ཅི་ཟེར་ཨིན་པས།
དེ་མ་ཚད་ བཞེས་སྒོ་བཟའ་སའི་ ས་གོ་སོ་སོར་སྦེ་ བཟོ་ཡོད་དེ་འབད་རུང་ གཅིག་ཁར་བཟའ་གེ་ཟེར་ གཅིག་ཁར་སྦེ་ར་ འཛོམས་ཟ་ཡི་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *