ནད་འབུབ་ཌེལ་ཊ་དེ་ འབྲུག་གི་དོན་ལུ་ ཚ་གྱང་སྦོམ་ཤོས་ཅིག་ཨིནམ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀྱི་གནས་སྟངས་ ཚབས་ཆེན་ཅིག་ལུ་ གྱུར་དོ་ཡོདཔ་བཞིན་དུ་ ཌེལ་ཊ་ཟེར་མི་ ནད་འབུབ་ཀྱི་རིགས་དེ་ལུ་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།

དེའི་གུ་ ད་རུང་ ཌེལ་ཊ་པ་ལསི་ཟེར་མི་དེ་ཡང་ ཐོན་ཏེ་ཡོད་ཟེར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པས།

ཌེལ་ཊ་ནད་འབུབ་དེ་ འདས་པའི་ནད་འབུབ་ གཞན་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༤༠ དེ་ཅིག་གིས་ མགྱོགས་སུ་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ལས་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་ཡོད་ཟེར་ཨིནམ་ད་ དཔྱེ་འབད་བ་ཅིན་ ཧེ་མ་ ནད་འབུབ་ཐོབ་མི་ཅིག་དང་ ཐད་ཀར་དུ་འཕྱད་རུང་ ནད་འབུབ་མ་ཐོབ་པར་སྡོད་དོ་ཡོདཔ་ད་ གནས་སྟངས་དང་འཁྲིངལཝ་ད་ ད་རེས་ དྲནམ་མ་བཏོན་པ་ཅིན་ འཐོབ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རེས་ ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ ནད་འབུབ་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་མི་དེ་ཡང་ གནད་དོན་གཅིག་ ཌེལ་ཊ་ནད་འབུབ་ཀྱི་ རིགས་དེ་ལུ་བརྟེན་ཏེ་ཨིནམ་ད་ མི་རེ་གཉིས་ཀྱིས་ འགྲོ་འགྲུལ་བཀག་དམ་ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ ཨིན་མས་ཟེར་གསུངས་ཡི།

བློན་པོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་གྱི་ སྒྲིག་གཞི་ཚུ་དང་ མཐུན་ཏོག་ཏོ་སྦེ་ མ་སྡོད་པ་ཅིན་ འགྲོ་འགྲུལ་བཀག་དམ་ཟེར་མི་དེ་ མིང་ཙམ་ཅིག་གིས་ ནད་འབུབ་ལས་ཉེན་སྲུང་ མི་འབད་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ མི་སེར་རེ་རེ་བཞིན་དུ་གིས འགན་ཁུར་ཚུ་འབག་སྟེ་ རང་གཞན་གཉིས་ཆ་རའི་ ཉེན་སྲུང་དོན་ལུ་ སྒྲིག་གཞི་ཚུ་དང་མཐུནམ་སྦེ་ སྡོད་དགོཔ་ཁག་ཆེ་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ རང་སོའི་ མི་སྡེ་ནང་དང་ ཡང་ཅིན་ སྒྲིང་ཁྱིམ་ཚུ་ནང་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ སྒྲིག་གཞི་ལུ་མ་གནས་པར་ འགྱོ་མི་འཐོན་པ་ཅིན་ སྙན་ཞུ་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

བློན་པོ་བདེ་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ ཌེལ་ཊ་རིགས་ཀྱི་ ནད་འབུབ་དེ་ ཨ་ལོ་ཚུ་ལུ་ དར་ཁྱབ་རྒྱ་ཆེ་དྲགས་སྦེ་ར་ འགྱོ་དོ་ཡོདཔ་མ་ཚད་ ཤི་རྐྱེན་ཡང་ འབྱུང་དོ་ཡོདཔ་ལས་ ཚ་གྱང་ལང་དོ་ཟེར་ཨིན་པས།

མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་མི་ ནད་འབུབ་ཀྱི་རིགས་དེ་གིས་ ཨ་ལོ་ཚུ་ལུ་ གནོད་ཉེན་ཆེ་མི་དེ་ཡང་ གཙོ་བོ་ར་ ཨ་ལུ་སྐྱེས་ལོ་༡༨ མ་ལང་མི་ཚུ་ལུ་ ཀོ་རོ་ན་བའེ་རཱསི་གི་ སྨན་ཁབ་མ་བཙུགས་པར་ ཡོད་ནི་དེ་གིས་ཨིན་པས།

དེ་འབད་ནི་འདི་གིས་ ང་བཅས་མི་ངོ་རེ་གིས་ འགན་ཁུར་འབག་སྟེ་ ང་བཅས་རའི་ཨ་ལོ་ཚུ་ ནད་འབུབ་ལས་ བཀག་ནིའི་དོན་ལུ་ རྩ་འགེངས་དགོཔ་ད་ ད་ལྟོ་ཚུན་འབད་རུང་ དམིགས་བསལ་དུ་ ལྷོ་མཚམས་ས་ཁོངས་ཚུ་ནང་ སྡོད་མི་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་འབད་ཡོདཔ་ལས་ དཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

ཡོངས་འབྲེལ་ནང་ གསལ་བཀོད་འབད་མི་ གནས་ཚུལ་བྱུང་ཁུངས་ཚུ་དང་འཁྲིལཝ་ད་ རང་སོའི་ བཟའ་ཚང་ནང་ ནད་འབུབ་ཀྱི་རིགས་ ངོ་མ་དེ་དང་ཕྱདཔ་ད་ ཨལ་ཕའི་རིགས་དེ་ བརྒྱ་ཆ་༥༠ གིས་ ཁྱབ་སྤེལ་མགྱོགས་སུ་སྦེ་ འགྱོ་དོ་ཡོདཔ་སྦེ་ མཐོང་ཡོདཔ་ད་ ད་ལྟོ་གི་ ཌེལ་ཊའི་རིགས་དེ་ ཨལ་ཕའི་རིགས་དང་ཕྱདཔ་ད་ བརྒྱ་ཆ་༦༠ གིས་ ཁྱབ་སྦེམ་མགྱོགས་སུ་སྦེ་ འགྱོ་དོ་ཡོདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ནད་འབུབ་ཀྱི་རིགས་ཚུ་ཡང་ མི་གཅིག་ལས་གཅིག་ལུ་ འབུ་འགྱོ་བའི་སྐབས་ སོར་འགྱོཝ་ཨིན་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ནད་འབུབ་ཀྱི་རིགས་གསརཔ་ཚུ་ བཀག་དགོ་པ་ཅིན་ ནད་འབུབ་ཁྱབ་སྤེལ་དེ་ར་ བཀག་དགོཔ་ཨིན་མས་ཟེར་ཨིན་པས།

ང་བཅས་ཀྱི་རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་དེ་ མང་སུ་དང་ ཁྱབ་ཆེ་ཆུ་ཅིག་ འགྱོ་དོ་ཡོདཔ་ད་ 

དཔྱེ་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ནད་ཡམས་དེ་ འགོ་དང་པ་ཐོན་པའི་སྐབས་ གནད་དོན་༡༤༤ མ་གཏོགས་མ་ཐོན་རུང་ ད་རེས་ ཐེངས་༢ པའི་ནང་ ད་ལྟོ་ལས་ར་ གནད་དོན་༣༠༠ ལྷག་སོ་ཡི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *