ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་བི་ཐོབ་མི་གསརཔ་༢༧ ངོས་འཛིན།

༉ སྤྱི་ལོ་༢༠༡༧ ཟླ་༡༡ པ་ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ ཕོ་སྐྱེས་༡༢ དང་ ཨམ་སྲུ་༡༥ བརྩིས་ཏེ་ མི་༢༧ ལུ་ ནད་འབུབ་ཨེཆ་ཨའེ་བི་ ཐོབ་མི་ཡོད་པའི་ ངོས་འཛིན་བྱུང་ནུག།
སྤྱི་ལོ་༡༩༩༣ ལས་ ནད་འབུབ་ཐོབ་ཡོད་པའི་ ཐོ་བཀོད་འབད་ཞིནམ་ལས་ཚུར་ ད་ལྟོ་ རྒྱལ་ཁབ་ནང་ ནད་གཞི་ཐོབ་མི་༥༩༧ ལུ་ ལྷོད་དེ་ཡོདཔ་ད་ ད་རེས་ནངས་པར་ ཨེཆ་ཨའེ་བི་ཐོབ་མི་༤༥༢ ཡོད་མི་ལས་༤༢༢ དེ་ ཨེན་ཊའི་ཊོ་བཱ་རལ་ཟེར་མི་ སྨན་བཅོས་འབད་བའི་བསྒང་ཡོད་པའི་ཁར་ མི་གྲངས་༣༠ སྨན་བཅོས་དུས་ཚོད་ཁར་ མ་འབད་མི་དང་ གསོ་བའི་བསླབ་བྱ་དང་འཁྲིལ་ ངོས་ལེན་མ་འབད་མི་ཚུ་ཨིན་པས།
ནད་འབུབ་ཐོབ་མི་ ནདཔ་གསརཔ་ཚུ་གི་གྲས་ལས་ བརྒྱ་ཆ་༧༨ དེ་ཅིག་ སྐྱེས་ལོ་༢༠ དང་༤༩ འི་བར་ན་ འབད་མི་ཚུ་ཨིན་པའི་ཁར་ བརྒྱ་ཆ་༢༢ སྐྱེས་ལོ་༥༠ མན་ཆད་འབད་ཚུ་ཨིནམ་ད་ ཕོ་མོའི་ལཱ་འགན་གྱི་ དབྱེ་སྡེ་ནང་འབད་བ་ཅིན་ བརྒྱ་ཆ་༣༠ དེ་ཅིག་ ནང་ཨམ་ཚུ་ཨིན་པས།
དེ་ལས་ ནད་འབུབ་ཐོབ་མི་གཞན་ སོ་ནམ་པ་ ཡང་ཅིན་ སྒེར་སྡེ་ནང་ ལཱ་འབད་མི་ བརྒྱ་ཆ་༢༦ དང་ ཚོང་འབྲེལ་པ་ བརྒྱ་ཆ་༡༩ ཡོད་པའི་ཁར་ བརྒྱ་ཆ་༧ དེ་ཅིག་ དེད་གཡོགཔ་དང་ བརྒྱ་ཆ་༤ ཞི་གཡོགཔ་ཚུ་ཨིན་པས།
ནད་འབུབ་ཐོབ་མི་ ནདཔ་གསརཔ་ཚུ་ཡང་ མང་ཤོས་ར་ ཁས་བླངས་དང་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་ད་ དེ་ལས་ བརྒྱ་ཆ་༣༧ དང་ བརྒྱ་ཆ་༢༢ དེ་ཅིག་ འབྲེལ་བ་འཐབ་པའི་སྐབས་དང་ བརྒྱ་ཆ་༤ ཁྲག་གི་ཞལ་འདེབས་འབདཝ་ད་ བདའ་ཟུན་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ནད་འབུབ་ཐོབ་མི་ གཙོ་བོ་ར་ ལུས་འབྲེལ་འབད་བའི་སྐབས་ ཉེན་སྲུང་གི་ ཐབས་ཤེས་ལག་ལེན་ མ་འཐབ་མི་ལུ་བརྟེན་ ཐོབ་ནུག་ཟེར་ཨིནམ་ད་ ད་རེས་ ནད་འབུབ་ཐོབ་མི་༢༧ ག་ར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ ཐོ་བཀོད་དང་ འབྲེལ་བ་བཟོ་སྟོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཨེཆ་ཨའེ་བི/ཨེཌསི་དང་ ལུས་འབྲེལ་ལུ་བརྟེན་སྤེལ་བའི་ ནད་གཞི་ཨེཌསི་ཊི་ཨའི་བཀག་འཛིན་ལས་རིམ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ན་གཞོན་ལས་ ལུས་འབྲེལ་འབད་མི་དང་ འདོད་སྤྱོད་གང་མང་འབད་མི་ དེ་ལས་ ཆང་འཐུང་སྟེ་ ལུས་འབྲེལ་འབད་མི་དང་ ཕོ་མཚན་ཤུབས་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་ནི་མེད་མི་ལུ་བརྟེན་ ནད་གཞི་ཐོབ་མས་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ གསོ་བ་ལྷན་ཁག་གིས་ ནད་གཞི་འཐོབ་ནི་ལས་ ཉེན་ཁ་ཡོད་པའི་ ས་ཁོངས་ཚུ་ནང་ ནད་འབུབ་མི་ཐོབ་ནིའི་དོན་ལུ་ ནད་གཞི་དེ་གི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་ཚུ་འབད་དོ་ཟེར་བཀོད་ནུག།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ དུས་ཚེོད་ཨ་རྟག་ར་ ནད་འབུབ་ཀྱི་དོན་ལུ་ བརྟག་དཔྱད་འབད་དོ་ཡོདཔ་མ་ཚད་ གསོ་བའི་ཞབས་ཏོག་ཏེ་ རང་གསོའི་སྒོ་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ལྷ་འཛིན་གྱིས་འབད་བ་ཅིན་ ཤེས་ཡོན་དང་ གོ་བ་བརྡ་སྤྲོད་ བཀག་འཛིན་སྨན་བཅོས་ལ་སོགས་པ་ཚུ་འབད་བ་ཅིན་ རྒྱལ་ཁབ་ནང་ ནད་འབུབ་འཐོབ་ནི་ལས་ བཀག་ཚུགས་ནི་མས་ཟེར་ཨིནམ་ད་ ཨིན་རུང་ མི་སྡེ་ནང་ ངོ་ཚ་ནི་དང་ རྣམ་རྟོག་ལུ་བརྟེན་ དུས་ཚོད་ཁར་ བརྟག་དཔྱད་འབད་བར་ འོང་མི་བཏུབ་པས་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ འཛམ་གླིང་རྒྱལ་སྤྱི་ཨེཌསི་གི་ སྔོན་རྩིས་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ མི་༡,༢༦༥ དེ་ཅིག་ འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ ནད་འབུབ་བཀག་ཐབས་ལུ་ འགྲུལ་སྐྱོད་ནད་འབུབ་བརྟག་དཔྱད་དང་ བསླབ་སྟོན་ཞབས་ཏོག་ གཞི་བཙུགས་འབད་མི་དང་ ཕོ་མཚན་ཤུབས་ལག་ལེན་འཐབ་ནི་ དར་ཁྱབ་གཏང་ཐབས་ལུ་ རྫོང་ཁག་༡༣ ནང་ ཕོ་མཚན་ཤུབས་བཏོན་ནི་ འཕྲུལ་ཆས་༥༥ གཞི་བཙུགས་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *