ནངས་པ་ལས་ ཐིམ་ཕུག་དང་ སྤ་རོ་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ འགྲོ་འགྲུལ་ ལྷོད་ཡངས་གཏང་ནི།

ནངས་པ་ལས་འགོ་བཙུགས་ ཐིམ་ཕུག་དང་ སྤ་རོ་རྫོང་ཁག་༢ ནང་མ་གཏོགས་ རྫོང་ཁག་གཞན་ཚུ་ནང་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་གཏང་ནི་ཨིན་པས།

སྤ་རོ་དང་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་དེ་ ད་རུང་ བདུན་ཕྲག་༡ གི་རིང་ རང་འཇགས་བཞག་ནི་ཨིན་མི་དེ་ཡང་ རྫོང་ཁག་༢ ཀྱི་ མི་སྡེ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཚུ་ ཐོན་བཞིན་ཡོད་མི་ལུ་བརྟེན་ཨིན་པས།

ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ནད་ཡམས་ཀྱི་གནས་སྟངས་སྐོར་ལས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་བའི་ཤུལ་ལས་ ལྷོད་ཡངས་གཏང་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

ལྷོད་ཡངས་གཏང་མི་དང་བསྟུན་ རྫོང་ཁག་ཚུ་ཡང་ ཚོས་གཞི་དམརཔོ་དང་ སེརཔོ་ དེ་ལས་ ལྕང་ཁ་༣ ལུ་ དབྱེ་བ་ཕྱེས་ཡོདཔ་ད་ ཚོས་གཞི་དེ་ཡང་ རྫོང་ཁག་ལ་ལོ་ཅིག་ནང་ ནད་འབུབ་ཐོབ་མི་ཚུ་ཡོདཔ་ལས་ ས་ཁོངས་དེ་ཚུའི་ནང་ བཀག་འཛིན་གྱི་ སྒྲིག་གཞི་ཚུ་དང་འཁྲིལ་ འབད་ནི་ཨིན་པས།

ཚོས་གཞི་དམརཔོ་གི་ས་ཁོངས།

ཐིམ་ཕུག་དང་ སྤ་རོ་ཁྲོམ་སྡེའི་ས་ཁོངས་ སོ་སོར་ལས་ཕར་ ནད་འབུབ་ཐོབ་མི་ཚུ་ བདའ་ཟུན་པའི་ཁར་ འཕྲོ་མཐུད་ཐོན་མི་ལུ་བརྟེན་ རྫོང་ཁག་དེ་གཉིས་ནང་ འགྲོ་འགྲུལ་བཀག་དམ་ རང་འཇགས་བཞག་ནི་ཨིན་པས།

བཀག་དམ་འཕྲོ་མཐུད་འབད་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་དེ་ དར་ཁྱབ་འགྱོ་ནི་ལས་ བཀག་འཛིན་འབད་ཐབས་ལུ་ཨིནམ་ད་ ཐིམ་ཕུག་དང་ སྤ་རོ་ལུ་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་པའི་ཤུལ་ལས་ ཐོགས་ལུས་མི་ཚུ་གིས་ སྤྱོད་འཐུས་དགོངས་ཡངས་ཨང་༡༠༡༠ ཐོག་ལས་ འབྲེལ་བ་འཐབ་སྟེ་ ཐོ་བཀོད་འབད་ཞིནམ་ལས་ སྒྲིག་གཞི་བཟོ་མི་དང་འཁྲིལ་ བརྟག་དཔྱད་འབད་དེ་ འགྱོ་བཅུག་ནི་ཨིན་པས།

དེ་མ་ཚད་ འགྲོ་འགྲུལ་འབད་མི་ཚུ་སྡོད་སའི་ ཁྱིམ་ནང་ལས་ མི་ཅིག་ཡང་ ནད་འབུབ་ཐོབ་མ་ཐོབ་ཀྱི་ བརྟག་དཔྱད་འབད་དགོཔ་ཨིན་ཟེར་  བློན་ཆེན་གྱིས་ གསུངས་ཡི།

དེ་ལས་ འགྲོ་འགྲུལ་འབད་མི་ཚུ་ རང་སོའི་རྫོང་ཁག་ནང་ལྷོདཔ་ད་ བདུན་ཕྲག་༡ གི་རིང་ ཁྱིམ་ནང་ཟུར་སྡོད་པའི་ཤུལ་ལས་ རྫོང་ཁག་བདག་སྐྱོང་གིས་ ཨེན་ཊི་ཇེན་བརྟག་དཔྱད་ འབད་ནི་ཨིན་པས།

ཐིམ་ཕུག་དང་ སྤ་རོ་ལུ་ འགྲོ་འགྲུལ་ལྷོད་ཡངས་དེ་ཡང་ ད་ལྟོའི་གནས་སྟངས་ ལེགས་ཤོམ་འགྱོ་བ་ཅིན་ འབད་ནི་ཨིན་པས།

ཚོས་གཞི་ལྕང་ཁའི་ས་ཁོངས།

ཐིམ་ཕུག་དང་ སྤ་རོ་མ་བརྩིས་བར་ རྫོང་ཁག་གཞན་ཁའི་ མི་ཚུ་གིས་ རང་སོའི་ས་ཁོངས་ངོས་འཛིན་འབད་མིའི་ཕྱི་ཁར་ འགྱོ་ཆོག་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་ནང་འཁོད་རྐྱངམ་གཅིག་ཨིནམ་ད་ སྣུམ་འཁོར་གྱི་ཐད་ཁར་ བཟའ་འཐུང་སྐྱེལ་འདྲེན་འབད་མི་ཚུ་མ་གཏོགས་ གཞན་ཚུ་ འགྲོ་འགྲུལ་འབད་མི་ཆོག་ནི་ཨིན་པས།

སྒེར་འཁོར་ཚུ་ གལ་ཆེ་བའི་ གནད་དོན་རེ་འཐོན་པ་ཅིན་ རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་བལྟ་སྟེ་ གནང་བ་སྤྲོད་ནི་ཨིནམ་ད་ དེ་གི་ཤུལ་ལས་ འགྲོ་འགྲུལ་ལྷོད་ཡངས་ཐད་ཁར་ རང་སོའི་རྫོང་ཁག་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ འགོ་བཙུགས་ནི་ཨིན་པས།

ཚོས་གཞི་སེརཔོ་གི་ས་ཁོངས།

དར་དཀར་ནང་ ལྷ་མོའི་རྫིང་ཁ་ཁྲོམ་དང་ བུམ་ཐང་དོམ་མཁར་དང་ ལྕམ་མཁར་ དེ་ལས་ སྤུ་ན་ཁ་ ཕན་སྟོད་ཁ་གཡུས་ཚན་ དེ་བཟུམ་སྦེ་ ཀྲོང་གསར་ཀེ་ལ་གཡུས་ཚན་དང་ ཧཱ་སྐར་ཚོགས་དང་ དབུས་སུ་རྒེད་འོག་ཚུ་ནང་འབད་བ་ཅིན་ འགྲོ་འགྲུལ་འབད་ནི་དེ་ འགྲོ་འགྲུལ་ཆོག་ཐམ་ཤོག་བྱང་འཆང་མི་ཚུ་རྐྱངམ་གཅིག་ འགྱོ་ཆོག་ནི་ཨིན་པས།

ས་ཁོངས་དེ་ནང་ལས་ གློ་བུར་གྱི་དོན་ལུ་ ཕྱི་ཁར་འགྱོ་དགོཔ་ འཐོན་པ་ཅིན་ རང་སོའི་ས་ཁོངས་ཀྱི་ ལས་བྱེད་ཚོགས་ཆུང་ལས་ གནང་བ་ལེན་ཏེ་ ཨར་ཊི་པི་སི་ཨར་བརྟག་དཔྱད་འབད་དགོཔ་ཨིནམ་ད་ ཕྱི་ཁ་ལས་ ཚོས་གཞི་སེརཔོ་གི་ ས་ཁོངས་ནང་ འགྱོ་འདོད་ཡོད་མི་ཚུ་གིས་ འགྱོ་ཆོག་ནི་ཨིན་པས།

དེ་ལས་ ཁག་མ་ཆེ་བའི་ ཚོང་ཁང་ཚུ་ སྒོ་བསྡམས་ཏེ་ བཞག་དགོ་པའི་ཁར་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་མི་ཆོག་ནི་ཨིནམ་ད་ ས་ཁོངས་དེ་ནང་ཡང་ ད་ལས་ཕར་ འགྲོ་འགྲུལ་ལྷོད་ཡངས་འབད་ནི་དེ་ ལས་བྱེད་ཚོགས་ཆུང་གིས་ ཐག་གཅད་ནི་ཨིན་པས།

ཉིན་གྲངས་༧ གྱི་རྒྱབ་ལས་ རྫོང་ཁག་ཚུ་ནང་ བདའ་མ་ཟུན་པར་ལུས་མི་ ཡོད་མེད་བལྟ་ནིའི་དོན་ལུ་ ག་ལྷོད་བརྟག་དཔྱད་ཚུ་ འབད་བའི་ཤུལ་ལས་ འགྲོ་འགྲུལ་ལྷོད་ཡངས་ འཕྲོ་མཐུད་གཏང་ནིའི་ཐད་ཁར་ ད་རུང་ གསལ་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *