འབྲུག་ཡུལ་དཀར་ཟས་ཚེ་ཐར་ཚོགས་པ་གིས་ ནོར་དང་ ར་ ཕགཔ་ཚུ་བརྩིས་ཏེ་ ནོར་སེམས་ཅན་༣༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་དེ་ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་གླིང་ལུ་ བཞག་ཡོདཔ་ཨིན་པས།

ནང་སྲིད་ལྷན་ཁག་ལུ་ བླ་སྤྲུལ་བདེན་རྫུས་ཀྱི་ ཞིབ་དཔྱད་འབད་དགོ་པའི་གྲོས་འདེབས།

༉ སྤྱི་ཟླ་༨ པའི་ཚེས་༢༣ ལུ་འཚོགས་མི་ བཀྲིས་སྒང་རྫོང་ཁག་ཚོགས་འདུ་གི་ གྲོས་ཆོད་དང་འཁྲིལ་བ་ཅིན་ ནང་སྲིད་ལྷན་ཁག་གིས་ འབྲུག་ཡུལ་དཀར་ཟས་ཚེ་ཐར་ཚོགས་པའི་ བླ་སྤྲུལ་གཉིསཔོ་དེ་ ངོ་མ་ཨིན་ན་མེན་ནའི་ ཞིབ་དཔྱད་འབད་དགོཔ་སྦེ་ཨིན་པས།
དེ་བསྒང་ འཐུས་མི་ཚུ་གིས་ ཞུ་མིའི་ནང་ ཚོགས་པའི་བླམ་ དཀར་སངས་དང་ སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་གཉིསཔོ་དེ་ བླ་སྤྲུལ་ངོ་མ་མེན་རུང་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ནང་ལས་ཕར་ བླ་སྤྲུལ་བཟོ་ཐོག་ལས་ མི་ཚུ་ལུ་ གཡོ་སྒྱུ་རྐྱབ་མས་ཟེར་ ཁ་ཉེས་བཀལ་ཡོདཔ་ད་ ཡེ་ཤེས་རྡོ་རྗེ་གི་མིང་གཞན་ སངས་རྒྱས་དབང་འདུས་ཟེར་ཡང་ སླབ་ཨིན་པས།
ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་ ཞུ་མིའི་ནང་ ཁོང་༢ བླ་སྤྲུལ་ལུ་ མ་བསྒྱུར་བའི་ཧེ་མར་ དཀར་སངས་དེ་ གླ་འཁོར་བཏང་མི་ཅིག་ཨིནམ་ད་ ཡེ་ཤེས་རྡོ་རྗེ་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་འབད་ནུག་ཟེར་ཨིན་པས།
རྒཔོ་གིས་ ཞུ་མིའི་ནང་ ཁོང་༢ སྤྱིར་བཏང་མི་ཕལ་པ་ཨིནམ་ བཀྲིས་སྒང་རྫོང་ཁག་གི་ མི་མང་ཤོས་ཅིག་གིས་ ཤེས་ནི་དེ་གིས་ ག་དེ་སྦེ་ བླ་སྤྲུལ་ལུ་བསྒྱུར་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིནམ་ད་ མ་གཞི་ འབྲུག་ཡུལ་དཀར་ཟས་ཚེ་ཐར་ཚོགས་པའི་ དམིགས་ཡུལ་དང་འཁྲིལཝ་ད་ སེམས་ཅན་ཚེ་ཐར་གཏང་ནི་དེ་ ལེགས་ཤོམ་ཅིག་ཨིན་རུང་ ཁོང་༢ ཀྱིས་ མི་ཚུ་ལུ་ ཆོས་བཤད་ནི་དང་ དབང་གནང་ནི་དེ་ མ་རུངས་པའི་ལཱ་ཅིག་ ཨིན་མས་ཟེར་ཨིན་པས།
ཁོང་༢ བླ་སྤྲུལ་ངོ་མ་ཨིན་པ་ཅིན་ ངོས་འཛིན་འབད་མི་ཅིག་ འོང་ནི་ཨིན་རུང་ ད་ལྟོ་ཚུན་ ག་གིས་ ངོས་འཛིན་འབད་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ནི་དེ་གིས་ ནང་སྲིད་ལྷན་ཁག་འོག་གི་ ལས་སྲོལ་ལས་ཁུངས་ཀྱིས་ བརྟག་ཞིབ་འབད་དགོ་ཟེར་ཨིན་པས།
ཚོགས་འདུའི་འཐུས་མི་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཁོང་༢ ཀྱིས་ ནང་ཆོས་བཙོང་སྟེ་ མི་ཚུ་ལུ་ གཡོ་སྒྱུ་མགུ་སྐོར་རྐྱབ་ཨིན་ན་ ཡང་ཅིན་ བླ་སྤྲུལ་ངོ་མ་ཨིན་ན་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དགོཔ་ གལ་ཆེ་ཟེར་ཞུ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་འབད་བ་ཅིན་ ཁོང་༢ ཀྱིས་ མི་ཚུ་ལས་ སེམས་ཅན་ཚེ་ཐར་གཏང་ནི་ཨིན་ཟེར་ ཞལ་འདེབས་བསྡུ་ལེན་འབད་མི་དེ་ སྒེར་སྤྱོད་འབད་ཡོད་པའི་ དོགས་པ་ཡོདཔ་ལས་ འདི་བཟུམ་གྱི་ བྱ་ངན་དེ་ ད་ལྟོ་ལས་ར་ བཀག་ཐབས་མ་འབད་བ་ཅིན་ མ་འོངས་པ་ལུ་ བླ་སྤྲུལ་རྫུས་མ་བཟོ་སྟེ་ མི་སེར་འཕྲོག་བཅོམ་འབད་མི་ ལེ་ཤ་འཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཚོགས་འདུའི་གྲོས་ཆོད་ལུ་ ངོས་ལེན་མེད་མི་ དཀར་སངས་རྡོ་རྗེ་གིས་འབད་བ་ཅིན་ འབྲུག་ཡུལ་དཀར་ཟས་ཚེ་ཐར་ཚོགས་པ་དེ་ མི་ཚུ་གིས་ དཀར་ཟས་སྤྱོད་པའི་ཕན་ཡོན་ ཧ་གོ་བཅུག་ནིའི་དོན་ལུ་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ ཁོ་ལུ་ བླམ་རྣལ་འབྱོར་པ་ཟེར་ཡང་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གིས་ སེམས་ཅན་ག་དེ་མང་མང་ ཚེ་ཐར་གཏང་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་མ་ཚད་ ཞལ་འདེབས་བསྡུ་ལེན་འབད་མི་དེ་ཡང་ ཚོགས་ཆུང་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་མ་གཏོགས་ ཁོང་བླ་སྤྲུལ་གཉིས་ དེ་ཁར་ འབྲེལ་གཏོགས་འབད་ནི་མེད་ཟེར་ཨིན་པས།
དཀར་སངས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ སྤུ་ན་ཁ་དང་ རྩི་རང་ དགེ་ལེགས་ཕུག་ ངང་ལམ་ བསམ་རྩེ་ སིབ་སུ་ལ་སོགས་པ་ཚུ་ནང་ ལྟ་སྐོར་འབད་ཐོག་ལས་ དཀར་ཟས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡི་ཟེར་ཨིན་པས།
དེ་བསྒང་ གོ་བ་བརྡ་སྤྲོད་འབདཝ་མ་གཏོགས་ ཆོས་བཤད་ནི་དང་ དབང་གི་ལས་རིམ་ཚུ་ ག་ནི་ཡང་ འགོ་འདྲེན་མ་འཐབ་ཟེར་ཨིནམ་ད་ པར་ཅིག་ནང་ ཁོ་གིས་ དབང་གནང་ཡོདཔ་སྦེ་ ཐོན་མི་དེ་ པར་ཆས་ཀྱིས་ བཟོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ སྐྱེས་བའི་བསྒང་ལས་ར་ བླམ་མེན་པའི་ཁར་ ཤུལ་ལས་ཡང་ བླ་མའི་མིང་གཏམ་དགོ་འདོད་མེད་རུང་ ཁོ་ར་ ཨ་རྟག་ར་ སེམས་ཅན་ཚེ་ཐར་གཏང་མི་ཅིག་འབདཝ་ལས་ མི་ཚུ་གིས་ ཁོ་ལུ་ བླམ་ཟེར་ སླབ་མས་ཟེར་ཨིན་པས།
སྤྲུལ་སྐུ་རྫུས་མ་ཨིནམ་སྦེ་ ཁ་ཉེས་ཕོག་མི་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་ཡུལ་དཀར་ཟས་ཚེ་ཐར་ཚོགས་པའི་ ཁྲི་འཛིན་གྱིས་ བཀྲིས་སྒང་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་རྡོ་རྗེ་དང་གཅིག་ཁར་ མི་མང་ལུ་ ཁ་ཉེས་བཀལ་ཡོད་པའི་ གནད་དོན་ཐོག་ལུ་ རྩོད་གཞི་ཕྱེ་ནི་ཨིན་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གཉིས་ཀྱི་སྐོར་ལས་ ཚོགས་འདུ་ནང་ གསུང་གྲོས་གནང་ཐོག་ལས་ ཁ་ཉེས་བཀལ་མི་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *