ནང་སྲིད་བློན་པོ་ བསྐོ་བཞག་གི་སྐོར་ལས་ གྲོས་ཐག་མ་བཅད་པར་ཡོདཔ།

༉ མ་གཞི་ ད་རེས་ ནད་འབུབ་ཀོ་རོ་ན་བའེ་རཱསི་གི་ བྲེལ་ཟིང་འཐབ་པའི་བསྒང་ཨིན་རུང་ མི་ལ་ལོ་ཅིག་གིས་ ནང་སྲིད་བློན་པོ་དེ་ ག་བསྐོ་བཞག་འབད་འོང་ག་ཟེར་བའི་ ལོ་རྒྱུས་ཚུ་ ཁྱབ་ཆེ་དྲགས་སྦེ་ར་ བཤད་དོ་ཡོདཔ་ཨིན་རུང་ ད་ལྟོ་ དེ་གི་སྐོར་ལས་ གྲོས་ཐག་མ་བཅད་པར་ཡོདཔ་ཨིན་པས།

ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ནའི་ ཟླ་རིམ་ཞལ་འཛོམས་ཀྱི་ དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ད་ལྟོ་ ནད་འབུབ་ཀོ་རོ་ན་བའེ་རཱསི་ ཚད་འཛིན་འབད་ནིའི་ བྱེལཝ་དེ་ལུ་བརྟེན་ཏེ་ ནང་སྲིད་བློན་པོ་ བསྐོ་བཞག་འབད་ནིའི་གུ་ ལོ་རྒྱུས་ག་ནི་ཡང་ སླབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ ད་རེས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ནང་སྲིད་བློན་པོའི་ ངོ་ཚབ་ཀྱི་ ཕྱག་འགན་འབག་སྟེ་ ཕྱག་ཞུ་བཞིན་དུ་ ཡོདཔ་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ བློན་པོ་བསྐོ་བཞག་ལམ་ལུགས་ཅིག་ ཧིང་སངས་ས་སྦེ་ ཡིག་ཐོག་བཀོད་བཀོདཔ་ག་ཏེ་ཡང་ མེདཔ་ཨིན་རུང་ རྩ་ཁྲིམས་ཆེན་མོའི་ནང་འབད་བ་ཅིན་ བློན་ཆེན་གྱིས་ གྲོས་འདེབས་དང་འཁྲིལ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་ནི་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།

བློན་པོ་དེ་ ག་དེ་སྦེ་ བསྐོ་བཞག་གནང་ནི་ཨིན་ནའི་སྐོར་ལས་ སྲིད་ཚོགས་ཀྱི་ འཐུས་མི་དང་ སྤྱི་ཚོགས་ཀྱི་འཐུས་མི་ ལྷན་རྒྱས་གཞུང་ཚོགས་ དེ་ལས་ འབྲུག་མཉམ་རུབ་ཚོགསཔའི་ བཀོད་ཁྱབ་སྡེ་ཚན་གྱི་བར་ན་ གྲོས་ཐག་བཅད་དགོཔ་སྦེ་ཡང་ ཚུད་དེ་མེདཔ་དང་ དེ་སྦེ་ ཚུད་དགོཔ་སྦེ་ཡང་ མ་མཐོང་ཟེར་ཨིན་པས།

དེ་དང་འཁྲིལ་ བསྐོ་བཞག་དེ་ ཞལ་འཆམ་གྱི་སྒོ་ལས་སྦེ་ར་ འགོ་འཐབ་ནི་དང་ འཕྲལ་མགྱོགས་བསྐོ་བཞག་འབད་ནིའི་ འཆར་གཞི་དེ་ རྩ་ལས་ར་མེད་རུང་ ཚ་གྱང་ཡོད་ཟེར་ཨིནན་པས།

བློན་ཆེན་གྱིས་འབད་བ་ཅིན་ འགྲོས་ཀྱིས་སྦེ་ ནད་ཡམས་ཀྱི་བྱེལཝ་དེ་ཡང་ དུམ་གྲ་ཅིག་གིས་ མར་བབས་འགྱོ་ སྨན་ཁབ་བསྐོར་ཐེངས་༢ པ་དེ་ཡང་ བཙུགས་ཚར་ཏེ་ གནས་སྟངས་སྐྱིད་སུ་ཅིག་ལུ་ འགྱུར་བའི་སྐབས་ ག་ར་ལུ་ གནད་དོན་དེ་དང་འབྲེལ་བའི་ གནས་ཚུལ་ཁྱབས་བསྒྲགས་ འབད་འོང་ཟེར་ཨིན་པས།

ནང་སྲིད་ལྷན་ཁག་གི་ འགན་ཁུར་གཙོ་བོ་ཅིག་ སྲུང་སྐྱོབ་དང་འབྲེལ་བའི་ ཕྱག་ལཱ་གནང་དེ་ཨིནམ་ལས་ ནད་ཡམས་ཀྱི་སྐབས་ལུ་ ཚ་གྱང་ལང་དགོཔ་ཡོདཔ་ཨིན་རུང་ ད་རེས་ ལས་སྡེ་ཚུ་ འགོ་ཁྲིད་འབད་མི་ ཉམས་མྱོང་ཅན་གྱི་ འགོ་དཔོན་ཚུ་ཡོདཔ་ལས་ ཚ་གྱང་ལང་དགོཔ་ མེད་ཟེར་ཨིན་པས།

ད་ལྟོ་ བློན་པོ་རྟ་མགྲིན་གྱིས་ ངོ་ཚབ་ཀྱི་ཕྱག་ལཱ་ གནང་བའི་སྐབས་ལུ་ ནང་སྲིད་བློན་པོ་ངོ་མ་གི་ཕྱག་ལཱ་ལས་ ངོ་ཚབ་ཀྱིས་ གནང་མ་ཆོག་པའི་ཕྲྱག་ལཱ་ ག་ནི་ཡང་མེདཔ་ད་ ག་དེམ་ཅིག་སྦེ་ ཁག་ཆེ་བའི་ གྲོས་ཐག་བཅད་དགོཔ་ཚུ་འཐོན་པ་ཅིན་ གནད་དོན་དེ་ ངེས་པར་དུ་ ལྷན་རྒྱས་གཞུང་ཚོགས་ནང་ ལྷོད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ བརྡ་བརྒྱུདཔ་ཅིག་གིས་ ནང་སྲིད་བློན་པོ་དེ་ ད་རེས་ཁམས་ དུས་མིན་བཙག་འཐུ་ནང་ལས་ བཙག་འཐུ་གྲུབ་མི་ འཐུས་མི་༢ ལས་ བསྐོ་བཞག་འབད་ནི་ཨིན་ན་ཟེར་ དྲི་བ་ཞུ་བའི་སྐབས་ བློན་ཆེན་གྱིས་ སྤྱིར་བཏང་ བློན་པོའི་གདམ་ངོ་དེ་ བཙག་འཐུ་ལས་གྲུབ་མི་ཅིག་ འོང་དགོཔ་ལས་ གོ་སྐབས་དེ་ ག་ར་གིས་ འདྲ་མཉམ་སྦེ་ འཐོབ་ཟེར་ཨིན་པས།

ནང་སྲིད་བློན་པོ་བགྲེསཔ་ ཤེས་རབ་རྒྱལ་མཚན་གྱིས་ དུས་ཅི་ སྤྱི་ཟླ་༤ པའི་ནང་ དགོངས་ཞུའི་ཡི་གུ་ བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༦ ལུ་ བློན་ཆེན་དང་ ཚོགས་དཔོན་༢ ཀྱིས་ དགོངས་ཞུའི་ཡི་གུ་ལུ་ ངོས་ལེན་མཛད་མི་དང་འཁྲིལ་ ནང་སྲིད་བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མིའི་འགན་ཁུར་ གཉིས་ཆ་ར་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།

དགོངས་ཞུ་འབད་དགོ་པའི་ གནད་དོན་དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ བློན་པོ་གིས་ སྣུམ་འཁོར་གྱི་ཉེན་བཅོལ་རྗུས་མ་ དངུམ་ཀྲམ་༢༢༦,༥༤༦ ལེན་ཡོད་མི་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་མི་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *