ནང་སྲིད་བློན་པོ་ལུ་ གོ་གནས་ཀྱི་ གནོད་ཉེན་འོང་ག?

༉ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ནང་སྲིད་བློན་པོ་ཤེས་རབ་རྒྱལ་མཚན་ལུ་ གཡོ་སྒྱུའི་ཐོག་ལས་ སྣུམ་འཁོར་གྱི་ ཉེན་བཅོལ་ཐོབ་བརྗོད་བཀོད་པའི་ ཉེས་པ་ཡང་ཕྲའི་བཙོན་ཁྲིམས་ ཟླཝ་༢ བཀལ་ཞིནམ་ལས་ཚུར་ ཁྲོམ་སྡེའི་ནང་འཁོད་དང་ མི་སྡེ་བརྡ་བརྒྱུད་ནང་ ད་ བློན་པོ་ག་ཅི་འབད་འོང་ག་ཟེར་ དྲི་བ་བཀོད་ནི་དང་ གྲོས་བསྡུར་འབད་ནི་ འགོ་བཙུགས་ནུག།
དྲི་བ་ཚུ་ཡང་ ཉེས་ཁྲིམས་ཕོག་མི་ལུ་ གཞི་བཞག་སྟེ་ བློན་པོའི་གོ་གནས་ལས་ རྩ་གྲོལ་གཏང་འོང་ག? མོང་སྒར་གྱི་ འདེམས་ཁོངས་ནང་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་དགོཔ་ འཐོན་ནི་ཨིན་ན? ཟེར་ བཀོདཔ་བཞིན་དུ་ མི་སྡེ་བརྡ་བརྒྱུད་ལག་ལེན་པ་རེ་གཉིས་ཀྱིས་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་དང་ལམ་སྟོན་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ལ་སོགས་པ་ཚུ་ འབྲེལ་གཏུགས་ཐོག་ ཁྲིམས་ཀྱི་དགོངས་དོན་ཚུ་ བསམ་ཞིབ་འབདཝ་ཨིན་མས།
ལ་ལོ་གིས་ གོ་གནས་འཕྲོ་མཐུད་འཆང་ནི་གི་ འོས་འབབ་མི་མཐོངམ་མས་ཟེར་བཀོད་ནུག།
ཨིན་རུང་ ཁ་ཙ་ རྩོད་ཟླ་གིས་ རྫོང་ཁག་ཁྲིནམ་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ལས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ གནས་སྐབས་ཅིག་ ཆ་གནས་མེད་པའི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་མས།
དེ་ཡང་ མཐོ་གཏུགས་འབད་བའི་བསྒང་ལས་ རྩོད་ཟླ་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་མི་དེ་ མཐའ་བཅད་ཀྱི་ འཁྲུན་ཆོད་མེན་མི་ལུ་བརྟེན་ཨིནམ་ད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༧.༡༦ པར་ ཉེས་འགེལ་དང་བསྟུན་པའི་ ཉེས་འཛུགས་བཀོད་མི་ཅིག་ལུ་ ཁྲིམས་དང་འཁྲིལ་ཏེ་ ཉེས་སྐྱོན་ཡིན་པར་མ་གྲུབ་ཚུན་ ཉེས་མེད་སྦེ་ བརྩི་ནི་གི་ ཐོབ་དབང་ཡོད་ཟེར་ བཀོད་པའི་དགོངས་དོན་ལྟར་ ཆེ་མཐོ་དང་ མངོན་མཐོ་ཁྲིམས་འདུན་ཚུ་གིས་ དབྱེ་དཔྱད་མ་མཛད་ཚུན་ཚོད་ ཉེས་སྐྱོང་གྲངས་སུ་ བརྩི་འཇོག་འབད་ཐབས་མེད།
ཨིན་རུང་ ཐོག་མའི་འཁྲུན་ཆོད་ལས་ འགྱུར་ལྡོག་མེད་པ་ཅིན་ ངོས་ལེན་ག་དེ་སྦེ་ འབད་འོང་ག་ ཁྲིམས་ལུགས་ཚུ་ དྭངས་གསལ་ཡོདཔ་ད་ བློན་པོ་དེ་ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མར་ མོང་སྒར་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ ཐོན་པའི་སྐབས་ལས་ར་ ཉེས་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ད་ དེ་བསྒང་ འབྲེལ་ཡོད་དབང་འཛིན་ དཔེར་ན་ བཙག་འཐུ་ལྷན་ཚོགས་དང་ ཁྲིམས་འདུན་ དེ་ལས་ སྲིད་དོན་ཚོགས་པའི་ཧོངས་ལས་ སྲིད་དོན་ནང་ གྲལ་གཏོགས་འབད་ནི་ལས་ བཀག་ཆ་མ་འབད་མི་ལུ་ཡང་ ད་རེས་ མི་ཚུ་གིས་ དྲི་བཀོད་འབདཝ་མས།
དྲི་བཀོད་འབད་མི་དེ་ཡང་ བཙག་འཐུ་གྲུབ་ཞིནམ་ལས་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོག་པ་ཅིན་ དུས་མིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་ད་ རྒྱལ་ཁམས་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་ལས་བཅད་དེ་ གནས་ནི་དང་ གཞུང་གི་ལས་གཡོགཔ་དང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ཡང་ ལཱ་ལྟོག་ཆགས་མི་ལུ་བརྟེན་ཨིན་མས།
ཉེས་ཁྲིམས་ཕོག་མི་ སྤྱི་གཡོགཔ་ཚུ་གི་དོན་ལུ་ ཁྲིམས་ལུགས་ཚུ་ ཧིང་སངས་ས་ཡོད་མི་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༧༩ པའི་ནང་ རྩ་ཁྲིམས་ཆེན་མོའི་ཁྱབ་འོག་ བཙག་འཐུ་ཅན་གྱི་ གོ་གནས་འཆང་བའི་འདེམས་ངོ་ ཡང་ན་ འཐུས་མི་ཅིག་ ཁྱད་ཚད་མི་ལྡན་པར་ བརྩི་དགོཔ་དེ་ཡང་ གལ་སྲིད་ མི་ངོ་དེ་ ཉེས་ཅན་གྱི་ གནོད་འགེལ་གང་རུང་ཅིག་ལུ་བརྟེན་པའི་ ཁྲིམས་གཅོད་གྲུབ་སྟེ་ བཙོན་ཁྲིམས་སྨིན་པ་ཅིན་ རང་བཞིན་གྱིས་ར་ དགོངས་གྲོལ་གཏང་དགོཔ་ཨིན་མས།
དེ་བཟུམ་སྦེ་ ཁྲིམས་ག་རའི་མ་ཨིན་མི་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ལམ་སྟོན་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་ཚུ་ནང་ཡང་ བཙོན་ཁྲིམས་མང་ཉུང་ག་དེ་སྦེ་ར་ཕོག་རུང་ འཐུས་མི་དེ་ ཁྱད་ཚད་མ་ལྡན་མིའི་གྲངས་སུ་ བརྩི་དགོ་མི་དེ་ཡང་ མི་མང་གིས་ དྲང་སྤྱོད་མཐོ་དྲགས་དང་ རྒྱལ་ཁབ་དང་ མི་སེར་ཚུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་ནིའི་ ལྕོགས་གྲུབ་ཡོད་མི་ཚུ་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་ གོ་སྐབས་བྱིན་ཐབས་ལུ་ཨིན་མས།
ད་ལྟོ་ རྩོད་དོན་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ལས་ མཐའ་བཅད་ཀྱི་ གྲོས་ཆོད་དེ་ ག་དེ་སྦེ་ འགྱོ་འོང་ག་ སླབ་མི་ཤེས་ནི་ཨིན་རུང་ ཉེན་བཅོལདང་འབྲེལ་བའི་ རྩོད་བཤེར་དེ་གིས་ ཉེན་བཅོལ་ཚུ་ བཅོས་མ་བཟོ་སྟེ་ ཐོབ་བརྗོད་བཀོད་ནིའི་དོན་ལུ་ ང་བཅས་ཀྱིས་ འབྲེལ་ཡོད་ཚུ་དང་ མགུ་མཐུད་དེ་ གཡོ་སྒྱུ་ལག་ལེན་འཐབ་ནི་གི་ འོས་འབབ་ཡོད་པའི་ གསལ་སྟོན་བྱུང་ཡི།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *