ནང་སྲིད་བློན་པོ་དང་ འགོ་དཔོན་༤ གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས།

༉ ཁ་ཙ་ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་དང་ འབྲུག་ཉེན་བཅོལ་ཚད་འཛིན་གྱི་ འགོ་དཔོན་༤ གིས་ གྲངས་མང་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ གནད་དོན་༣ ལུ་ གཞིར་འཛིན་ཐོག་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།

མཐོ་གཏུགས་པའི་ངོ་ཚབ་ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་དང་འཁྲིལཝ་ད་ དང་པ་ ཁྲིམས་ཀྱི་དོགས་གཞི་གུ་ཨིན་མི་དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༡༡ པའི་དགོངས་དོན་ལྟར་ འགྲུབ་ཆའི་ཆ་ལག་ཡང་ དང་པ་ ཚོང་འབྲེལ་ལམ་ སོ་སོའི་ཉེན་བཅོལ་ཞུ་ཡིག་གི་ བརྗོད་དོན་རྫུན་མ་བཟོ་བའམ་ ཚོང་འབྲེལ་འཐབ་པ་ གཉིས་པ་ སོ་སོའི་ཉེན་བཅོལ་སྲིད་བྱུས་ཀྱི་ ཐོབ་རྩིས་རྫུན་མ་བཟོ་བའི་ རྣམ་པ་འདུག་ཟེར་ཨིན་པས།

ཨིན་རུང་ སྐབས་བབས་ཀྱི་རྩོད་རྙོགས་ནང་ མཐོ་གཏུགས་པས་ ཚོང་འབྲེལ་ལམ་ སོ་སོའི་ཉེན་བཅོལ་ཞུ་ཡིག་གི་ བརྗོད་དོན་རྫུན་མ་བཟོ་བའམ་ ཚོང་འབྲེལ་འཐབ་པ་མེདཔ་ད་ དེ་ཡང་ སྔོན་ཉེན་བཅོལ་འབད་བའི་སྐབས་སུ་ ཉེན་བཅོལ་ཡི་གུ་དེ་  ཁྲིམས་མཐུན་ཨིན་པའི་ མངོན་རྟགས་གྲུབ་སྟེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ སོ་སོའི་ཉེན་བཅོལ་སྲིད་བྱུས་ཀྱི་ ཐོབ་རྩིས་རྫུན་མ་བཟོ་བ་སོགས་ མ་འབད་ཟེར་ཞུ་མི་ཡང་ ཉེན་བཅོལ་སྲིད་བྱུའི་ཐོབ་རྩིས་དེ་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ རྩིས་སུ་འཛིན་མི་དང་འཁྲིལ་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ལས་ལེན་ཏེ་ ཡོངས་རྫོགས་སྤྲོད་ཡོདཔ་ལས་བརྟེན་ མཐོ་གཏུགས་པའི་བྱ་བ་དེ་ ཁྲིམས་ཀྱི་དོན་ཚན་འདི་གི་ འགྲུབ་ཆའི་ཆ་ལག་དང་བསྟུན་ ཉེས་ཁྲིམས་སྨིན་དགོཔ་མེད་པའི་ ཁྲིམས་ཀྱི་དོགས་གཞི་བྱུང་མིའི་གུ་ ཁྲིམས་འདུན་མཐོ་དམའ་རྣམས་ཀྱིས་ དོན་འགྲེལ་ཙམ་ར་མ་གནང་མི་དང་ ཁྲིམས་ཀྱི་དགོས་མཁོ་ཡོད་པའི་ འགྲུབ་ཆའི་ཆ་ལག་རེ་རེ་དང་བསྟུན་དགོ་མི་འདི་ འགབ་ཚུགས་དང་མ་ཚུགས་ཀྱི་རྣམ་གཞག་གུ་ དོན་འགྲེལ་ཡང་ མ་གནང་པར་ཡོདཔ་ལས་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ཞུ་ནུག།

མཐོ་གཏུགས་པ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་ཕུལ་མིའི་ནང་ ཁོ་གི་སྣུམ་འཁོར་ཨང་ བི་པི་-༡-བི་༠༠༧༧ ཅན་མ་འདི་ མོང་སྒར་ལུ་སྡོདཔ་ད་ སྣུམ་འཁོར་འཕྲུལ་སྣུམ་ ལམ་འགྱོ་སྡོད་པའི་བར་ན་འཛགས་ཏེ་ ལོག་ཐིམ་ཕུག་ལུ་ མ་འོང་པའི་ཧེ་མར་ མོང་སྒར་ལུ་ སྣུམ་འཁོར་བཅོ་ཁང་ནང་ ཞིབ་དཔྱད་འབད་དེ་ འཕྲུལ་སྣུམ་ཁ་སྐོང་བླུགས་ཏེ་ ཐིམ་ཕུག་ལུ་ལྷོད་པའི་ཤུལ་ལས་ སྣུམ་འཁོར་བཅོ་ཁང་ནང་བསྐྱལ་ཏེ་ སྣུམ་འཁོར་བཅོ་མི་དེ་གིས་ འཕྲུལ་ཨམ་བཤུབ་དགོཔ་སྦེ་ སླབ་པའི་ལོ་རྒྱུས་མ་གཏོགས་ བླམ་དཔལ་རི་ལུ་ བརྡུང་རྐྱེན་བྱུང་བའི་སྐོར་ལས་ ག་ནི་ཡང་ འཁོད་དེ་མིན་འདུག་ཟེར་མི་དེ་ བསྐྱར་ཞིབ་མཛད་རིམ་སྐབས་ལུ་ དོན་ཁུངས་ར་ ཕྱིར་ལོག་སྦེ་ གོ་བ་ལེན་འདུག་ཟེར་ཨིན་པས།

བརྡུང་རྐྱེན་བྱུང་བའི་སྐོར་ལས་ གོ་བརྡའི་ཡི་གུ་དེ་ མཐོ་གཏུགས་པ་གིས་ ཕུལ་བ་མེདཔ་ད་ དེ་ཡང་ ཤུལ་ལས་ ཉེན་སྲུང་ལས་འཛིན་ཚད་ཀྱི་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་ བཟོ་ཡོད་པའི་མངོན་རྟགས་ཚུ་ ཁྲིམས་འདུན་མཐོ་དམའ་ཚུ་ལུ་ ངོས་ལེན་གསལ་ཞུ་ཡང་ ཕུལ་ཡི་ཟེར་ཞུ་ནུག།

གོ་བརྡའི་ཡི་གུ་ཐད་ཁར་ ཉེན་སྲུང་ལས་འཛིན་གྱི་ ལམ་སྟོན་ལག་དེབ་ནང་དོན་ལྟར་ ཡིག་ཐོག་རྐྱངམ་གཅིག་མེན་པར་ འགྲུལ་འཕྲིན་དང་ གློག་འཕྲིན་ལ་སོགས་པའི་ཐོག་ལས་ཡང་ གོ་བརྡའི་ཡི་གུ་དེ་ བྱིན་ཆོགཔ་སྦེ་ཡོདཔ་ལས་ མཐོ་གཏུགས་པ་གིས་ དེ་ལུགས་ཀྱི་གོ་བརྡ་དེ་ བཀོད་ཁྱབ་མདོ་ཆེན་ལུ་ འགྲུལ་འཕྲིན་ཐོག་ལས་བྱིན་ནུག།

དེ་ཡང་ སྤྱི་ཚེས་༡༠/༠༦/༢༠༡༦ ལུ་ བྱིན་ཡོདཔ་ལས་ གོ་བརྡ་བྱིན་པའི་ཟླ་ཚེས་དེ་ ཤུལ་ལས་ ནོར་འཁྲུལ་ཞུགས་མི་ལུ་མེན་པར་ ངེས་བདེན་འགྲུལ་འཕྲིན་ཐོག་ལུ་བྱིན་པའི་ ཟླ་ཚེས་དེ་ བརྩི་ནི་མ་གཏོགས་ བློ་བོ་བརྒྱུད་ལམ་གཉིས་སུ་འཛིན་ཏེ་ ངེས་བདེན་གྱི་ཟླ་ཚེས་དེ་ ངོས་ལེན་མ་མཛད་པར་ ནོར་འཁྲུལ་ཞུགས་མི་དེ་ གོ་བརྡའི་ཡི་གུ་ལུ་ ཆ་གནས་བཞག་མི་དེ་ དྲང་ཁྲིམས་རྩ་ལས་མིན་འདུག་ཟེར་ཨིན་པས།

སྣུམ་འཁོར་དེ་ བརྡུང་རྐྱེན་ཕོག་པའི་མངོན་རྟགས་ཡང་ ཧྲིལ་བུམ་སྦེ་སྟོན་ཡོད་རུང་ ངོས་ལེན་མེད་པའི་ དོན་ཁུངས་ཙམ་ར་ མེད་པར་ ཉེས་ཁྲིམས་སྨིན་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཞུ་ནུག།

ཡོངས་རྫོགས་ཉེན་བཅོལ་གྱི་ ཉེན་དངུལ་རིམ་སྤྲོད་དེ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ རིམ་ལུགས་ནང་ལས་ བཏོན་ཡོད་པའི་སྒྲུབ་བྱེད་དེ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ ཅན་མའི་དོན་ཚན་༤ པའི་ ཁ་པ་ལྟར་ འཕྲུལ་རིག་འཛིན་ཐོ་རྩིས་པའི་ ཡིག་ཆ་སྦེ་ཕུལ་ཡོདཔ་ཨིན་པས།

དེ་ཡང་ རིམ་ལུགས་ལས་ ངེས་ཏིག་བཏོན་ཡོད་མི་དེ་ཨིནམ་མ་གཏོགས་ གཡོ་སྒྱུའི་ཐོག་ལས་ མ་བཟོཝ་སྦེ་ཞུ་ཡོདཔ་ད་ གནད་དོན་དེའི་སྐོར་ལས་ ཐོག་མའི་ཁྲིམས་འདུན་ མཐོ་དམའ་ལུ་ རིམ་ལུགས་དེ་ དབྱེ་ཞིབ་མཛད་དེ་ གནང་ཐུབ་ཞུ་ཡོད་རུང་ རིམ་ལུགས་ཀྱི་ རྩིས་ཞིབ་གནང་ཐུབ་ཀྱི་ དཀའ་རྒྱ་གནང་མ་བཏུབ་པར་ ཡོངས་རྫོགས་སམ་ མཐའ་བཅད་མེན་པའི་ ངག་བརྗོད་ འདྲི་རྩོད་པ་ལུ་བྱིན་མི་ལུ་གཞི་བཞག་སྟེ་ ངག་བརྗོད་དེ་གིས་ སྒྲུབ་བྱེད་དེ་ ཆ་མེད་བཏང་མི་དེ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་༢༠༠༥ ཅན་མའི་དོན་ཚན་ ༨༨ པའི་ དགོངས་དོན་ལས་འགལ་བ་བྱུང་ནུག་ཟེར་ ཞུ་ནི་ལགས། 

ལྷག་པར་དུ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་འཛིན་སྐྱོང་ ཨྱོན་ཚེ་དབང་གིས་ སྤྱི་ཚེས་༠༨/༠༥/༢༠༡༩ ལུ་ མཁས་མཆོག་གི་ བསམ་འཆར་ཕུལ་མི་ཡང་ ཕྱིར་ལོག་སྦེ་ གོ་བ་ལེན་འདུག་ཞུ་ནི་དེ་ཡང་ མཁས་མཆོག་གི་ བསམ་འཆར་ཡང་ ཐོག་མའི་ཁྲིམས་ཀྱི་འདུན་སར་ རིམ་ལུགས་ནང་ལས་བཏོན་པའི་ ཡོངས་རྫོགས་ཉེན་བཅོལ་གྱི་ ཉེན་དངུལ་རིམ་སྤྲོད་དེ་ པར་སྐྲུན་འབད་ཡོད་ནི་དེ་གིས་ དེ་ལུགས་ཀྱི་ པར་སྐྲུན་འབད་ནི་དེ་ ཉེན་དངུལ་གྱི་ འཐུས་བཏབ་ཞིནམ་ལས་རྐྱངམ་གཅིག་ པར་སྐྲུན་འབད་ཚུགསཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དྲི་དཔྱད་འབདཝ་ད་ར་ ལས་འཛིན་ལས་ཐོབ་ཡོད་མི་འདི་ མཐོ་གཏུགས་པའི་སྒྲུབ་བྱེད་ཕུལ་མི་དེ་ ད་རེས་ གོ་བ་ཕྱིར་ལོག་ལེན་ཏེ་ ཐེ་ཚོམ་ལས་གྲོལ་བའི་མངོན་རྟགས་གྲུབ་པ་མེད་རུང་ ཉེས་ཁྲིམས་སྨིན་དགོཔ་སྦེ་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་ཞུཝ་ཨིན་ཟེར་ ཨིན་པས།

དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ གྲངས་མང་ཁྲིམས་འདུན་ལས་གནང་མི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་མི་དེ་ གྲངས་མང་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་ལས་གནང་མི་འཁྲུན་ཆོད་དེ་ རང་འཇགས་བཞག་སྟེ་ ངོས་ལེན་མཛད་གནང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱིས་ གནང་མི་འཁྲུན་ཆོད་དང་འཁྲིལ་བ་ཅིན་ བློན་པོ་གི་ སྣུམ་འཁོར་པར་ཌོ་གི་ ཉེན་བཅོལ་ཐོབ་ལམ་ནང་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ཐོག་ལས་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ ཐོབ་བརྗོད་བཀོད་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་སྦེ་ཨིན་པས།

དེ་འབདཝ་ལས་ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་ལུ་ སྣུམ་འཁོར་པར་ཌོ་གི་ ཉེན་བཅོལ་ཐོབ་ལམ་ནང་ གཡོ་སྒྱུ་དང་ ཡིག་ཆ་རྫུས་མ་བཟོ་སྟེ་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ ཐོབ་བརྗོད་བཀོད་དེ་ཡོད་པའི་ རྩོད་གཞི་གི་འཁྲུན་ཆོད་འདི་ ཆེ་མཐོ་ཁྲིམས་འདུན་ཁྲིམས་ཁྲི་༣ པ་ལས་གནང་མི་འདི་ ཆ་འཇོག་མཛད་ཡོདཔ་ཨིན་པས།

འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་མདོ་ཆེན་བསོད་ནམས་རྡོ་རྗེ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ ནང་སྲིད་བློན་པོ་གི་ སྣུམ་འཁོར་ཐུག་རྐྱེན་བྱུང་པའི་སྐབས་ ཉེན་བཅོལ་གྱི་ཐོབ་ལམ་གནས་རིམ་༣ པའི་ནང་ཡོད་ས་ལས་ གནས་རིམ་ཡོངས་རྫོགས་ལུ་ བསྒྱུར་བཅོས་འབད་ཡོད་མི་ལུ་ ལོ་༡ གི་བཙོན་ཁྲིམས་བཀལ་ནུག།

འདི་བཟུམ་སྦེ་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ སངས་རྒྱས་དབང་འདུས་ལུ་ཡང་ ལྟ་རྟོག་འགོ་དཔོན་ ཨྱོན་རྣམ་གྲོལ་ལུ་ འཛིན་ཤོག་བདེ་སྒྲིག་བཟོ་ནི་གི་དོན་ལུ་ སྣུམ་འཁོར་བཅོས་ཁང་ལས་ འཛིན་ཤོག་སྟོངམ་ལེན་དགོཔ་སྦེ་ བརྒྱུད་བསྐུལ་འབད་དེ་ཡོད་མི་ལུ་ ཟླ་ངོ་༦ གི་བཙོན་ཁྲིམས་བཀལ་ནུག།

དེ་ལས་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ནང་ལས་ སངས་རྒྱས་རྡོ་རྗེ་ལུ་ ཉེན་བཅོལ་ཐོབ་བརྗོད་དེ་ རྫུས་མ་ཨིནམ་ཤེས་ཅི་མཐོང་ཅི་ར་ ཚོགས་ཆུང་གི་གྲོས་ཆོག་གུ་ ས་ཡིག་རྐྱབ་སྟེ་ཡོདཔ་ལས་ སྡོང་ཟླ་དང་རྒྱུད་སྐུལ་གྱི་ཉེས་པ་ལུ་ བཙོན་ཁྲིམས་ཟླཝ་༡ བཀལ་ཡོདཔ་ཨིན་པས།།

ཨིན་རུང་ ཨོ་རྒྱན་རྣམ་གྲོལ་ལུ་ འཛིན་ཤོག་རྫུས་མ་བཟོ་བའི་གནོད་འགེལ་དང་ ཐོབ་བརྗོད་ཚོགས་ཆུང་གི་ གྲོས་ཆོད་རྫུས་མ་བཟོ་སྟེ་ གཡོ་སྒྱུའི་ལག་ལེན་འཐབ་པའི་ ཉེས་འཛུགས་བཀལ་ཏེ་ཡོད་མི་འདི་ གྲངས་མང་ཁྲིམས་ཁྲིའི་འདུན་ས་ལས་ ཉེས་འཛུགས་དེ་ སྡོང་ཟླ་དང་རྒྱུད་སྐུལ་གྱི་གནོད་འགེལ་ལུ་ བསྒྱུར་བཅོས་འབད་དེ་ ཉེས་ཁྲིམས་ཟླཝ་༦ ལུ་ མར་ཕབ་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *