ལས་སྐྱིད་ལ་གིས་ ཁོ་རའི་བཟོ་ཁང་ནང་ གཞུ་གི་བར་ཤིང་ བཟོ་བའི་བསྒང་།

ནང་འདྲེན་འབད་མི་ མདའ་གཞུ་གིས་ རང་ལུགས་ཀྱི་ མདའ་གཞུའི་ཚོང་འབྲེལ་ལུ་གདོང་ལེན།

༉ ལས་སྐྱིད་ལ་དེ་ ལོ་ན་ཆུང་ཀུའི་བསྒང་ ནོར་འཚོ་སྡོདཔ་ད་ རང་ལུགས་ཀྱི་ མདའ་གཞུ་བཟོ་ནི་ འགོ་བཙུགས་ཡོད་རུང་ སྤག་ཤིང་གི་ མདའ་གཞུ་དེ་ ཁོ་རའི་འཚོ་སྐྱོང་ལུ་ ལྷན་ཐབས་འབད་མི་ འོང་འབབ་གཙོ་བོ་ཅན་ཅིག་ལུ་ འགྱུར་འོང་ཟེར་ མནོ་བསམ་ར་ མ་བཏང་པས།
ད་རེས་འབད་བའི་བསྒང་ལས་ ཨ་ལོ་༥ གི་ཨ་པ་ སྐྱེས་ལོ་༦༢ ལང་མིའི་ མདའ་གཞུ་དེ་ བཀྲིས་སྒང་རྫོང་ཁག་ནང་ ཡོངས་གྲགས་ཐོན་ཏེ་ཡོདཔ་མ་ཚད་ བཟའ་ཚང་གི་དོན་ལུ་ འབབ་ཁུངས་ཆེ་བའི་ ཚོང་འབྲེལ་ཅིག་ལུ་ གྱུར་ཏེ་འདུག།
ལས་སྐྱིད་ཀྱིས་ མདའ་གཞུ་བཙོང་སྟེ་ ཨ་ལོ་༥ ཆ་ར་ སློབ་གྲྭ་ནང་ བཏང་ཚུགས་ཡོདཔ་མ་ཚད་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་མིའི་ སྐྱིན་ཚབ་ཡང་ བཏབ་ཚར་བའི་ཁར་ བཀྲིས་སྒང་སྨན་ཁང་གི་ལྟག་ལུ་ མེལ་ཕའི་ས་ཁོངས་ནང་ ས་ཌིསི་༢༠ ཉོ་ཡོདཔ་ཨིན་པས།
ལས་སྐྱིད་ལ་དེ་ བཀྲིས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ ཁྱིམ་སྲུངཔ་ཨིནམ་ལས་ སློབ་གྲྭ་གིས་ ཁྲོམ་གྱི་ལྟག་ལུ་ ཁོ་ལུ་ སྡོད་ཁྱིམ་སྦ་སྒོར་ཅིག་ བྱིན་མི་དེ་ནང་  ཁོ་གིས་ མདའ་གཞུ་བཟོ་ཁང་ཅིག་བཟོ་ནུག།
ཁོ་གིས་འབད་བ་ཅིན་ སློབ་གྲྭའི་སྒྲིག་གཡོག་རྒྱུག་དགོཔ་ལས་ དུས་ཚོད་ཐོབ་ད་ མདའ་གཞུ་བཟོ་དོ་ཟེར་ཨིནམ་ད་ ཉིནམ་གཅིག་ཧྲིལ་བུ་ ལཱ་འབད་ནི་གི་ དུས་ཚོད་ཐོབ་པ་ཅིན་ གཞུ་ཅིག་བཟོ་ཚུགསཔ་ཨིན་པས།
ད་རེས་ནངས་པར་ ཁོ་གིས་ སྤག་ཤིང་གི་ གཞུ་རེ་ལུ་ དངུལ་ཀྲམ་༡,༧༠༠ རེ་དང་ མདའ་ཆ་༡ ལུ་ དངུལ་ཀྲམ་༦༠༠ རེ་སྦེ་ བཙོང་དོ་ཡོདཔ་ད་ ལོ་ངོ་༢༡ གི་ཧེ་མ་འབད་བ་ཅིན་ མདའ་ཆ་རེ་ལུ་ དངུལ་ཀྲམ་༣༠ རེ་སྦེ་ བཙོང་ཡི་ཟེར་ ལས་སྐྱིད་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ མདའ་གཞུ་བཟོ་ནིའི་དོན་ལུ་ བཟོ་ཁང་ནང་ འཕྲུལ་ཆས་ཆུང་ཀུ་ཡང་ བཙུགས་ཡོདཔ་མ་ཚད་ གཞུ་ཐག་དང་ མདའ་ལྕགས་ཚུ་ཡང་ ཁོ་ར་གིས་བཟོ་སྟེ་ བཙོང་དོ་ཡོདཔ་ད་ ན་ཧིང་ མདའ་གཞུ་ཚུ་ པདྨ་དགའ་ཚལ་དང་ ཝམ་རོང་ རང་འབྱུང་དང་ མཁའ་གླིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ལུ་བཙོང་ནུག།
གཞུ་བཟོ་ནིའི་ སྤག་ཤིང་ངམ་ གཞུ་ཤིང་ཚུ་ པདྨ་དགའ་ཚལ་དང་ རྩི་རང་ ཝམ་རོང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཤིང་མཁར་ལའུ་རི་ལས་ མཁོ་སྒྲུབ་འབད་དོ་ཡོད་རུང་ བསམ་རྩེ་རྫོང་ཁག་ ལྕང་མཇུག་ལས་ཐོན་མི་ གཞུ་ཤིང་དེ་ སྤུས་ཚད་ལེགས་ཤོམ་འདུག་ཟེར་ ལས་སྐྱིད་ལ་གིས་ བཤདཔ་ཨིན་པས།
ལས་སྐྱིད་ལ་གིས་ ཚོང་མགྲོན་པ་ཚུ་ མདའ་རྩེད་འགྲན་བསྡུར་སྐབས་ མངམ་ཐོན་དོ་ཡོདཔ་ལས་ དེ་བསྒང་ འོང་འབབ་ཉུང་ཤོས་ དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ གི་བར་ན་ བཟོ་ཚུགས་དོ་ཡོདཔ་ད་ ཧེ་མ་ཚར་ཅིག་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རང་ལུགས་ཀྱི་ སྤག་ཤིང་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་བའི་སྐབས་ དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ འོང་འབབ་བཟོ་ཚུགས་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཁྲུས་བབས་དང་ ལོ་གསར་གྱི་ དུས་སྟོན་ཚུ་ནང་ མདའ་གཞུ་བཙོངམ་ད་ འོང་འབབ་ཉུང་ཤོས་ དངུལ་ཀྲམ་༡༤༠,༠༠༠ རེ་ བཟོ་ཚུགས་པས་ཟེར་ཨིན་པས།
ངེ་གི་མི་ཚེ་དེ་ མདའ་གཞུ་བཙོང་ཐོག་ལས་ སྐྱོང་འོང་ཟེར་ མནོ་ར་མ་མནོ་ཟེར་  ཨ་ཞང་མཚམས་པ་ ཟླ་བཟང་ལས་ མདའ་གཞུ་བཟོ་ནི་ལྷབ་མི་ ལས་སྐྱིད་ཀྱིས་ དགའ་འཛུམ་དང་བཅས་སྦེ་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཕྱི་རྒྱལ་གྱི་མདའ་གཞུའི་དོ་འགྲན།
ལས་སྐྱིད་ཀྱིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་གི་ཧེ་མར་ ཁོ་གི་མདའ་གཞུ་ལུ་ མཁོ་མངགས་འབད་མི་ ལེ་ཤ་ཡོདཔ་ལས་ མཁོ་འདོད་འགྲུབ་ཐབས་ལུ་ རེ་ཚེ་སྐབས་ མདའ་གཞུ་བཟོཝ་ད་ གནམ་ལང་ནི་ཡོད་ཟེར་ཨིནམ་ད་ ཚོང་མགྲོན་པ་ལ་ལོ་ཅིག་ མདའ་གཞུ་མ་ཐོབ་པར་ དབུགས་འགམ་ཏེ་ ལོག་འགྱོ་ནི་ཡོད་ཟེར་ཨིན་པས། 
ཨིན་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཕྱི་རྒྱལ་གྱི་ མདའ་གཞུ་མཁོ་སྒྲུབ་འབད་མི་ ཡར་འཕར་འགྱོ་མི་ལུ་བརྟེན་ ལས་སྐྱིད་ལ་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་ནི་ འགོ་བཙུགས་ཡོདཔ་མ་ཚད་ རང་ལུགས་སྤག་ཤིང་གི་ མདའ་གཞུ་ལག་ལེན་ཐོག་ འགྲན་བསྡུར་འབད་མི་ཡང་ མར་འབབ་འགྱོ་དོ་ཡོདཔ་ལས་ ཁོ་གི་མདའ་གཞུ་ཉོ་མི་ དེམ་ཅིག་ར་ མི་འོང་པས་ཟེར་ བཤདཔ་ཨིན་པས།
ལས་སྐྱིད་ལ་གིས་ གཞུ་ཉོ་བར་འོང་མི་ སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ ཧེ་མ་ སྤག་ཤིང་གི་ མདའ་གཞུ་ཐོག་ལས་ རྩེད་འགྲན་འབད་མི་ ལེ་ཤ་ཡོད་རུང་ ད་རེས་ནངས་པར་ ཕྱི་རྒྱལ་གྱི་ མདའ་གཞུ་ལུ་ ཤུགས་ཐལ་ཏེ་འདུག་ཟེར་ཨིན་པས།
ལས་སྐྱིད་ལ་དེ་ བཀྲིས་སྒང་ བར་མཚམས་ལས་ཨིནམ་ད་ ཁོ་གིས་ མདའ་ལྕགས་བཟོ་ནི་དེ་ བོདཔ་ཅིག་ལས་ལྷབ་ཡོདཔ་ད་ གཞུ་མ་འདྲ་བཟོ་ནི་ཡང་ གཞན་གྱིས་བཟོ་ཡོད་པའི་ གཞུ་ལས་དཔེ་བལྟ་སྟེ་ རིག་བརྩལ་སྦྱང་ཡི་ཟེར་ ལས་སྐྱིད་ལ་གིས་ སླབ་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *