ནང་འགྲིག་འབད་མི་ཚུ་གིས་ འཐུས་དངུལ་ཀྲམ་༥༠,༠༠༠ ལས་༡༣༠,༠༠༠ ཚུན་ལེན་ཆོག་ནི།

༉ ཁ་ཙ་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བའི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༩ ཅན་མ་ འགོ་འབྱེད་འབདཝ་དང་འབྲེལ་ ནང་འགྲིག་འབད་མི་ཚུ་གི་ འཐུས་ཡར་སེང་འབད་ནི་ཨིན་པས།
ད་ལྟོ་ཚུན་ ནང་ཁ་ནང་འགྲིག་འབད་ནིའི་དོན་ལས་ འཁོན་འདུག་ལྟེ་བ་ལུ་ རྩ་ཕན་གཉིས་ཀྱིས་ འཐུས་དངུལ་ཀྲམ་༢༠,༠༠༠ རེ་ སྤྲོད་དེ་མ་གཏོགས་ རྩོད་གཞི་གི་ གནས་སྟངས་དང་མི་འཁྲིལ་དོ་ཡོདཔ་ད་ དེ་ལས་ དངུལ་ཀྲམ་༣༠,༠༠༠ ནང་འགྲིག་འབད་མི་༢ ལུ་སྤྲོད་པའི་ལྷག་ལུས་ དངུལ་ཀྲམ་༡༠,༠༠༠ དེ་ ཇ་དང་བསིལ་འཐུང་ཚུ་གི་དོན་ལུ་ ལག་ལེན་འཐབ་སྟེ་འདུག།
ད་ལས་ཕར་ བསྐྱར་བཟོ་འབད་མི་དང་འཁྲིལཝ་ད་ ནང་འགྲིག་འབད་མི་རེ་ལུ་ ཉུང་མཐའ་དངུལ་ཀྲམ་༡༥,༠༠༠ རེ་སྤྲོད་དགོཔ་ད་ ལྟེ་བ་ལུ་ ཐོ་བཀོད་འཐུས་དངུལ་ཀྲམ་༥༠༠༠ རེ་ བཏབ་དགོཔ་ཨིན་པས།
འཁོན་འདུམ་ལྟེ་བའི་བདག་སྐྱོང་གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ བཅའ་ཁྲིམས་ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགསཔ་བཟོ་ནིའི་དོན་ལུ་ བཅའ་ཡིག་དང་སྒྲིག་གཞི་དེ་ དགོཔ་ཁག་ཆེ་ཟེར་ཨིནམ་ད་ དེ་ཡང་ དམིགས་དོན་གཙོ་བོ་ར་ ནག་འགྲིག་གི་འགན་གུར་ནང་ འབྲེལ་བ་ཡོད་མི་ག་ར་ལུ་ སྟབས་བདེ་ཏོག་ཏོ་འགྱོ་ནི་ཨིན་པའི་ཁར་ གལ་ཆེ་བའི་དོན་ཚན་ཚུ་ ལྟེ་བའི་ཡོངས་འབྲེལ་ཐོག་ལས་ཡང་ འཐོབ་ཚུགས་ཟེར་ཨིན་པས།
ནང་འགྲིག་གི་ལཱ་འབད་མི་ཚུ་གིས་ ཚོང་འབྲེལ་དང་དངུལ་འབྲེལ་དང་འབྲེལ་བའི་ གནད་དོན་རྐྱངམ་གཅིག་ལུ་ ནང་འགྲིག་འབད་ཆོགཔ་ཨིན་རུང་ ད་ཚུན་ རྩོད་རྙོགས་མང་ཤོས་ར་ བཟོ་སྐྲུན་ལས་སྡེ་ནང་ལས་ འོང་སྟེ་ཡོད་ཟེར་ བདག་སྐྱོང་གཙོ་འཛིན་གྱིས་བཤད་ཅི།
ཧེ་མ་ ལྟེ་བ་འདི་བཟུམ་མེདཔ་ལས་ ནང་འགྲིག་འབད་མི་ཚུ་ལུ་ གནད་དོན་ངོ་མ་གཅིགཔོ་དེ་ འཐུས་དང་འབྲེལ་བའི་ སྟབས་མ་བདེཝ་ཡོད་མི་དེ་ཡང་ ལམ་ལུགས་ག་ནི་ཡང་མེདཔ་ལས་ གཞུང་གིས་ ཞབས་ཏོག་ལྷན་ཁག་ལུ་ བཟོ་སྐྲུན་ལས་སྡེ་ནང་ལས་ཐོན་མི་ ནང་འགྲིག་འབད་དགོ་པའི་ གནད་དོན་ཚུ་ཐོནམ་ད་ སེལ་ཐབས་ལུ་ གནས་སྐབས་ཀྱི་ ནང་འགྲིག་ཚོགས་ཆུང་ གཞི་བཙུགས་འབད་བཅུག་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༤ ལུ་ རྒྱལ་ཡོངས་ནང་འགྲིག་ཚོགས་ཆུང་བཙུགས་པའི་ཤུལ་ལས་ རྩོད་རྙོགས་སེལ་ཐབས་ལུ་ བཟོ་སྐྲུན་གོང་འཕེལ་ལས་སྡེ་དེ་ ཞབས་ཏོག་ལྷན་ཁག་ལས་ ཕྱིར་བཏོན་འབད་བའི་ཤུལ་ལས་ ལས་སྡེ་གིས་ འགན་ཁུར་འཕྲོ་མཐུད་དེ་ར་ འབག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ད་ལྟོའི་ བཅའ་ཡིག་དང་སྒྲིག་གཞི་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་དེ་ བཟོ་སྐྲུན་གོང་འཕེལ་ལས་སྡེ་ལུ་ ཁོང་གི་འགན་ཁུར་དང་ གཅིག་མཐུན་ཐོག་ལས་ བཅའ་ཡིག་དང་སྒྲིག་གཞི་བཟོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ལྟེ་བ་གཞི་བཙུགས་འབད་དེ་ བཟོ་སྐྲུན་གོང་འཕེལ་ལས་སྡེ་གིས་ ནག་འགྲིག་གི་ འགན་ཁུར་འབག་མི་ཚུ་དང་འཁྲིལ་ཏེ་ བཟོ་ཡོདཔ་ཨིན་པས།
ནང་འགྲིག་འབད་ཐངས་དེ་ཡང་ ངེས་པར་དུ་འབད་དགོ་མི་ དཔེར་ན་ ཁག་འབགཔ་དང་ གཞུང་གི་བར་ན་ གན་ཡིག་ནང་ ཁག་འབགཔ་གི་དོན་ཚན་ཡོད་པ་ཅིན་ ངེས་པར་དུ་ ནང་འགྲིག་འབད་དགོཔ་ལས་ འཁོན་འདུམ་འབད་དགོ་པའི་ཁར་ དེ་མེན་པའི་རིགས་ཚུ་ སྒེར་གྱི་རྩོད་ཟླའི་བར་ན་ཨིན་པ་ཅིན་ འབད་མ་དགོ་པའི་རིགས་༢ ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ནང་འགྲིག་གི་ལཱ་འབད་མི་ཚུ་གིས་ རྩོད་གཞི་གི་ གནས་སྟངས་སྦོམ་ཆུང་དང་མ་འཁྲིལ་བར་ རྩ་ཕན་རེ་ལས་ འཐུས་ཚུ་ལེན་ཡོདཔ་ཨིན་པས།
ད་ལས་ཕར་ རྩོད་གཞིའི་གནས་སྟངས་དང་འཁྲིལ་ འཐུས་མཐོ་ཤོས་དངུལ་ཀྲམ་༡༣༠,༠༠༠ ཚུན་ ལེན་ཆོག་ནི་ཨིན་རུང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་འཁྲིལ་ དེ་ལས་ལྷག་སྟེ་ ལེན་ནིའི་འོས་འབབ་མི་མཐོང་པས་ཟེར་ ཁོ་གིས་བཤད་ཅི།
ད་ལྟོ་ཚུན་ ཐོ་བཀོད་ཅན་གྱི་ ནང་འགྲིག་གི་ལཱ་འབད་མི་༣༠ ཡོདཔ་ད་ དེ་ནང་ ཐོ་བཀོད་འབད་དགོ་པ་ཅིན་ ཉུང་མཐའ་རང་སོའི་ལཱ་གཡོག་ནང་ ལོ་ངོ་༡༠ གྱི་ཉམས་མྱོང་དགོ་པའི་ཁར་ མཐོ་རིམ་ཤེས་ཚད་དགོཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ ཤེས་རབ་ལྷུན་གྲུབ་ཀྱིས་ བཅའ་ཡིག་དང་སྒྲིག་གཞི་ འགོ་འབྱེད་འབད་བའི་སྐབས་ བཅའ་ཡིག་དང་སྒྲིག་གཞི་གསརཔ་བཟོ་མི་དེ་གིས་ ཁྲིམས་འདུན་ཚུ་ནང་ མཐོ་གཏུགས་འབད་མིའི་གྱངས་ཁ་ ཚད་ལྡན་སྦེ་ བཞག་ཚུགས་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ ནང་འགྲིག་འབད་མི་ འཐོབ་མ་ཚུགས་པའི་གདོང་ལེན་ཡོད་རུང་ ནང་འགྲིག་འབད་མི་ཚུ་གི་ འཐུས་ལེགས་ཤོམ་བཟོ་བ་ཅིན་ ནང་འགྲིག་འབད་མི་ཡང་ ལེགས་ཤོམ་ཚུ་ གདམ་ཁ་རྐྱབ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དེ་གིས་ རྩ་ཕན་གཉིས་ཆ་ར་ལུ་ ཁེ་ཕན་ཡོད་པའི་ཁར་ དུས་ཚོད་ཡང་ ཐུང་སུ་དགོ་ཟེར་ཨིནམ་ད་ ནང་འགྲིག་འབད་མི་ཚུ་ དྲང་དཔོན་གྱི་སྦྱང་བ་མེད་རུང་ དྲང་དཔོན་བཟུམ་སྦེ་ རྩོད་གཞི་ཚུ་ བདེན་པའི་ཐོག་ལས་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དགོ་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ནང་འགྲིག་འབད་མི་ཚུ་གིས་ རྩོད་གཞི་ནང་འགྲིག་འབད་དགོཔ་ཐོནམ་ད་ ཐད་ཀར་དུ་ བདེན་པ་ཡོད་མེད་བལྟ་སྟེ་ དུས་ཚོད་ཐུང་ཀུ་ཅིག་ནང་ ཐག་བཅད་ནི་ཚུ་ བལྟ་དགོ་ཟེར་ཨིན་པས།
ནང་འགྲིག་འབད་མི་ཚུ་གིས་ ཉེས་རྩོད་ཀྱི་རིགས་ཚུ་ ནང་འགྲིག་འབད་མ་ཆོག་པའི་ཁར་ ནང་འགྲིག་འབད་མི་ཚུ་གིས་ རྩོད་གཞི་གི་ གནས་སྟངས་དང་འཁྲིལ་ འཐུས་དངུལ་ཀྲམ་༥༠,༠༠༠ ལས་༡༣༠,༠༠༠ ཚུན་ལེན་ཆོག་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *