ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨེ་མ་གསརཔ།

ནང་འཁོད་ལུ་ ཨེ་མ་འཛུགས་སྐྱོང་འབད་མི་ལུ་བརྟེན་ ནང་འདྲེན་མར་བབས་སོང་ཡོདཔ།

རྩི་རང་གི་ སོ་ནམ་པ་ཚུ་གིས་ གནམ་དགུན་གྱི་ཨེ་མ་ ཚོང་འབྲེལ་འཐབ་ཚུགས་མི་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ད་ དེའི་གྲས་ལས་ སོ་ནམ་པ་ ཨིན་ད་ར་ ཐ་པ་གིས་ ཨེ་མ་ཀེ་ཇི་༣༢ བཙོང་ཡོད་མི་ལས་ འོང་འབབ་དངུལ་ཀྲམ་༦,༤༠༠ ཐོབ་ནུག།

སྒོ་གསར་གླིང་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ གཟའ་མིག་དམར་ལུ་ རྒེད་འོག་གིས་ རྩི་རང་ཚོད་བསྲེ་ཁྲོམ་ཁར་ ཨེ་མ་ཀེ་ཇི་༦༠ བཙོང་ཚུགས་ཅི་ཟེར་ཨིནམ་ད་ དེ་ནང་ སོ་ནམ་པ་༡༥ ཡོད་ས་ལས་༡ ཨིན་ད་ར་ ཐ་པ་དེ་ཨིན་པས།

འཕྲལ་མགྱོགས་ར་ སྡེ་ཚན་དེ་གིས་ ཨེ་མ་ཚུ་ ཐིམ་ཕུག་ལུ་བཙོང་ནི་ཨིན་མི་དེ་ཡང་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥༠ ཐོབ་ནི་དེ་གིས་ཨིནམ་ད་ སོ་ནམ་ལྷན་ཁག་དང་འཁྲིལ་བ་ཅིན་ ད་རེས་ཀྱི་ཟླཝ་འདི་ནང་ ཐིམ་ཕུག་ལུ་ ཨེ་མ་མེ་ཊིག་ཊཱོན་༤༤.༢༥ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

ཨིན་ད་ར་ ཐ་པ་གིས་ སླབ་མིའི་ནང་ སོ་ནམ་འགོ་དཔོན་དང་ སྒོ་ཚོང་རྐྱབ་མི་ཚུ་གིས་ སོ་ནམ་པ་ཚུ་ལས་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ སྦེ་ ལེན་ཡི་ཟེར་ཨིནམ་ད་ དུས་ཅི་ གནམ་དགུན་ལུ་ རྒྱལ་ཁབ་ཀྱི་ སོ་ནམ་པ་ཚུ་གིས་ ཨེ་མ་མེ་ཊིག་ཊཱོན་༡,༠༡༡.༩༢ ཐོན་སྐྱེད་འབད་ཚུགས་ནི་ཨིན་མི་དེ་ཡང་ སྤྱི་ལོ་༢༠༡༥ གི་ཚད་གཞི་དང་འཁྲིལ་བ་ཅིན་ ས་ཆ་ཨེ་ཀར་རེ་ལས་ ཨེ་མ་མེ་ཊིག་ཊཱོན་༡.༦༠ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ད་ མེ་ཊིག་ཊཱོན་རེ་ལུ་ ཀེ་ཇི་༡༠༠༠ ཨིན་པས།

སོ་ནམ་ལྷན་ཁག་གིས་ ནང་འཁོད་ཀྱི་ཨེ་མ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་མི་དེ་ཡང་ སྤྱི་ལོ་༢༠༡༦ གི་ཟླཝ་༧ པའི་ནང་ རྒྱ་གར་ལས་ ཨེ་མ་ནང་འདྲེན་འབད་མ་ཆོག་པའི་ བཀག་དམ་འབད་ནི་དེ་གིས་ཨིནམ་ད་ དེ་བསྒང་ རྒྱལ་ཁབ་ནང་ ཨེ་མ་དཀོན་ནི་དེ་གིས་ ཨེ་མ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༧༠༠ དེ་ཅིག་ སླབ་ནི་དེ་གིས་ཨིན་པས།

དེ་བསྒང་ ཨེ་མ་ལང་མ་ཚུགས་པའི་ དཀའ་ངལ་ཐོན་ནི་དེ་གིས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཨེ་མ་ནང་འདྲེན་འབད་ཐོག་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་བཙོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ཀྱིས་ ཨེ་མ་ མེ་ཏིག་ཊཱོན་༡,༨༤༦ ནང་འདྲེན་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༩ ལྷགཔ་ཅིག་བཏང་ནུག།

གཞུང་གི་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༦ ལས་ སྤྱི་ལོ་༢༠༡༧ ཟླ་༤ པའི་ཚེས་༧ གྱི་བར་ན་ ཨེ་མ་ མེ་ཏིག་ཊཱོན་༢༢༣ ལྷགཔ་ཅིག་ ནང་འདྲེན་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦ དེ་ཅིག་བཏང་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ གྱི་ ཟླཝ་༡ པ་ལས་༣ གྱི་བར་ན་ ཨེ་མ་མེ་ཏིག་ཊཱོན་༡༥༨ དེ་ཅིག་ ནང་འདྲེན་འབད་མི་ལུ་ དངུལ་ཀྲམ་ས་ཡ་༤ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་པས།

སོ་ནམ་ལྷན་ཁག་གི་ ཚོད་བསྲེ་ལས་རིམ་འགོ་དཔོན་ ཀུན་ལེགས་ཀྱིས་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ཨེ་མ་ མེ་ཏིག་ཊཱོན་༡༡ དེ་ཅིག་ སྐྱེལ་འདྲེན་འབད་བའི་སྐབས་ མེདཔ་ཐལ་ནུག་ཟེར་ཨིནམ་ད་ གནམ་དགུན་གྱི་ཨེ་མ་དེ་ དུས་ཅི་ སྤྱི་ཟླ་༨ པ་ལས་ རྒེད་འོག་༦༢ ཀྱི་ ས་ཞིང་ཨེ་ཀར་༦༨༨.༦༦ ནང་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

དེའི་དོན་ལུ་ ལྷན་ཁག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༡ དེ་ཅིག་ བཏང་ཡོདཔ་བཞིན་དུ་ དེ་ཚུ་ མཐུན་རྐྱེན་དང་ ཁྱད་རིག་ སྦྱོང་བརྡར་ དེ་ལས་ སོན་ལ་སོགས་པའི་ཐོག་ལས་ གྲོགས་རམ་འབད་ཡོདཔ་མ་ཚད་ ཨེ་མ་བཙོང་ནིའི་དོན་ལུ་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *