མོང་སྒར་གྱི་ རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ གོང་ཚད་མཐོ་དྲགས་པའི་ ཉོགས་བཤད།

མོང་སྒར་རྫོང་ཁག་ནང་ སོ་ནམ་པའི་ ཚོད་བསྲེ་སྡེ་ཚན་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྡེ་ཚན་དེ་གིས་ ལས་འཆར་དང་བསྟུན་ བརྩོན་ཤུགས་བསྐྱེད་ཐོག་ལས་ ཁྲོམ་དང་ སློབ་གྲྭ་ཚུ་ནང་ ནང་འཁོད་ཀྱི་ ཚོད་བསྲེའི་རིགས་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

སོ་ནམ་པ་སྡེ་ཚན་ཚུ་གིས་ དམིགས་ཡུལ་གྲུབ་ཐབས་དང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནི་ དེ་ལས་ རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་ནི་དེ་གིས་ ལོ་བསྟར་བཞིན་དུ་ རེ་འདོད་ལས་ལྷག་པའི་ ཚོད་བསྲེའི་ཐོན་སྐྱེད་ཀྱི་ གྲུབ་འབྲས་བྱུང་དོ་ཡོདཔ་ཨིན་པས།

རྒེད་འོག་གི་ ཚོད་བསྲེ་སྡེ་ཚན་ མང་ཤོས་ཅིག་གིས་ ཉེ་འདབས་ཀྱི་ སློབ་གྲྭ་ཁག་ཚུ་ནང་ བདུན་རིམ་བཞིན་དུ་ བཙུགས་ཏེ་ ཐོབ་མི་གོང་ཚད་དང་ སྤྱིར་བཏང་མི་སེར་ཚུ་གིས་ ཁྲོམ་ནང་འབག་སྟེ་ བཙོང་མི་ལས་ཐོབ་མི་ གོང་ཚད་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་ཡོདཔ་ལས་ སེམས་དང་མ་ལྡན་པར་འདུག།

གནད་དོན་དེ་གི་ཐོག་ལུ་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ མོང་སྒར་ རྫོང་ཁག་ཚོགས་འདུ་ ནང་ དགྲ་མེད་རྩེ་རྒེད་འོག་གི་རྒཔོ་ ཀུན་བཟང་དཔལ་འབྱོར་གྱིས་ གྲོས་གཞི་བཙུགས་མིའི་ནང་ གྲོང་གསེབ་མི་སེར་ཚུ་གིས་ ཚོད་བསྲེ་ཚུ་ ཁྲོམ་ནང་འབག་སྟེ་ བཙོང་པའི་སྐབས་ གོང་ཚད་ཉུང་སུ་ལས་བརྒལ་ ཐོབ་མ་ཚུགས་ནི་དེ་གིས་ ཕྱི་ལས་ནང་འདྲེན་འབད་ནི་ལས་ བཀག་དམ་འབད་ནིའི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས།

སོ་ནམ་སྡེ་ཚན་དེ་གིས་ དམིགས་གཏད་ལས་ལྷག་སྟེ་ ཚོད་བསྲེའི་རིགས་ ཐོན་སྐྱེད་འབད་མི་ཚུ་ ཁྲོམ་ནང་འབག་སྟེ་ བཙོང་པའི་སྐབས་ སྣུམ་འཁོར་གྱི་ལམ་དང་ ཚོད་བསྲེ་རུལ་འགྱོ་བའི་ དཀའ་ངལ་ཚུ་ཡོདཔ་ལས་ སྤྲོ་བ་ཞན་མི་བཅུག་ནིའི་དོན་ལུ་ སྣུམ་འཁོར་དང་ གོང་ཚད་ཀྱི་ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁྲོམ་སྡེ་འཐུས་མི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ ཚོད་བསྲེ་ཚུ་ སྟབས་གཅིག་ཁར་སྦེ་ བཙོང་ནིའི་དོན་ལུ་ ཁྲོམ་ཁར་ལྷོདཔ་ད་ དུས་ཚོད་ཁར་ བཙོང་མ་ཚུགས་ནི་དེ་གིས་ རུལ་འགྱོ་དོ་ཡོདཔ་ལས་ རུལ་མ་འགྱོ་བར་ དུས་ཡུན་རིངམོ་སྦེ་ བཞག་སྟེ་ བཙོང་ནིའི་དོན་ལུ་ མོང་སྒར་ཁྲོམ་ནང་ བསིལ་ལྡན་མཛོད་ཁང་ཅིག་ བཟོ་སྐྲུན་འབད་དགོཔ་འདུག་ཟེར་ ཨིན་པས།

ལུང་ཕྱོགས་སོ་ནམ་ཚོང་ལས་འགོ་དཔོན་ རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ ཁྲོམ་ནང་བཙོང་མི་ཚོད་བསྲེའི་ གོང་ཚད་ཚུ་ འོས་འབབ་དང་མ་འཁྲིལཝ་སྦེ་ མི་སེར་ཚུ་གིས་ བཙོང་ནི་འདུག་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ ཐོན་སྐྱེད་དེ་གི་དོན་ ལུ་ ཟད་འགྲོ་ག་དེམ་ཅིག་ བཏང་ཡོདཔ་ཨིན་ན་ དེ་དང་བསྟུན་ གོང་ཚད་རྐྱབ་དགོཔ་ཨིན་ཟེར་ཨིན་པས།

དགྲ་མེད་རྩེ་རྒེད་འོག་གི་སོ་ནམ་པ་ཚུ་གི་དོན་ལུ་ ཚོད་བསྲེ་དང་ ཐོན་སྐྱེད་གཞན་ཚུ་ བཙོང་ནིའི་དོན་ལུ་ བཀྲིས་སྒང་དང་ མོང་སྒར་གཞུང་ལམ་ལས་ རྒེད་འོག་ལུ་འགྱོ་སའི་ སྒོར་ལམ་ལུ་ ཚོད་བསྲེ་ཁང་མིག་ཅིག་ དུས་ཅི་གི་ལོ་ནང་ བཟོ་སྐྲུན་འབད་ནི་ཨིན་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ ཁམས་པ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་དེ་གིས་ ཚོད་བསྲེ་ཚུ་ སློབ་གྲྭ་ཚུ་ནང་བཙུགས་པའི་སྐབས་ གོང་ཚད་ཉུང་སུ་སྦེ་ཐོབ་མི་དེ་ཡང་ སློབ་གྲྭའི་བདག་སྐྱོང་དང་ སྡེ་ཚན་གྱི་བར་ན་བཟོ་མི་ གན་རྒྱའི་གྲོས་ཆོད་དང་འཁྲིལ་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།

ནང་འདྲེན་འབད་མི་ལུ་བརྟེན་ གོང་ཚད་མ་འཐོབ་མེན་པར་ ཚོད་བསྲེ་ཚུ་ སྟབས་གཅིག་སྦེ་ཐོན་མི་དང་ ཁྲོམ་ནང་བཙོང་མི་ ཚོད་བསྲེའི་གོང་ཚད་ཚུ་ ཉུངམ་སྦེ་མེན་པར་ མཐོ་སུ་སྦེ་བཙོང་དོ་ཡོདཔ་མ་ཚད་ ནང་འཁོད་ལས་ ཐོན་སྐྱེད་བརྒྱ་ཆ་༡༠༠ འབད་དགོཔ་ཨིན་རུང་ ད་ལྟོ་ཚུན་ བརྒྱ་ཆ་༦༠ ལས་བརྒལ་ འབད་མ་ཚུགས་ནི་དེ་གིས་ ནང་འདྲེན་བརྒྱ་ཆ་༤༠ ལུ་བརྟེན་སྡོད་དགོཔ་ བྱུང་བཞིན་ཡོད་པའི་ཁར་ རྫོང་ཁག་གིས་ ནང་འདྲེན་འབད་ནི་ལས་ བཀག་ཆ་འབད་ནི་གི་ དབང་ཚད་མེད་ཟེར་ ཞུ་ཡི།

ཝེང་མཁར་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ ཞིབ་འཚོལ་ལྟེ་བ་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མོང་སྒར་ཁྲོམ་ནང་ ཚོད་བསྲེ་ཚུ་ བསིལ་ལྡན་མཛོད་ཁང་ནང་ བཞག་ནིའི་འཆར་གཞི་ཡོད་རུང་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་ལུ་ མ་དངུལ་ལང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ ཨིན་པས།

གལ་སྲིད་ ཚོད་བསྲེ་སྡེ་ཚན་གྱིས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་འབྱུང་པ་ཅིན་ དེ་འཕྲོ་ལས་ སོ་ནམ་ འགོ་དཔོན་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ ཞིབ་འཚོལ་ལྟེ་བའི་ཡིག་ཚང་ དེ་ལས་ ལུང་ཕྱོགས་སོ་ནམ་ཚོང་ལས་ ཡིག་ཚང་གི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་དགོཔ་གལ་ཆེཝ་ཨིན་པས།

མི་སེར་ཚུ་གི་ཁ་ཐུག་ལས་ ཚོད་བསྲེའི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་མ་ཚུགས་པའི་ཁར་ ད་ལྟོ་ཚུན་ ཚོད་བསྲེ་བཙོང་མ་ཚུགས་པའི་ སྙན་ཞུ་ཡང་ མེདཔ་ཨིན་པས།

ད་ལས་ཕར་ ཚོད་བསྲེའི་རིགས་ཚུ་ རྫོང་ཁག་གཞན་ཚུ་ནང་ སྐྱེལ་འདྲེན་འབད་ཞིནམ་ལས་ དཀའ་ངལ་སེལ་ཐབས་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *