བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བསྟན་རྒྱས་བློན་པོ་དང་ ཡོངས་ཁྱབ་མདོ་ཆེན་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

ནང་འཁོད་ལག་ལེན་འཐབ་ནིའི་དོན་ལུ་ ནུས་ཤུགས་གཞན་གྱི་ ཐབས་ལམ་བཏོན་ནི།

༉ རྒྱལ་ཁབ་ནང་ གློག་ཤུགས་ལུ་བརྟེན་པའི་ གདོང་ལེན་བྱུང་མི་དེ་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་ཀྱིས་ བསལ་ཚུགས་པའི་འོས་འབབ་ཡོདཔ་ཨིན་པས།
ད་རེས་ ཆུ་ལུ་བརྟེན་པའི་གློག་ཤུགས་དེ་ རྒྱལ་ཁབ་ནང་ ནུས་ཤུགས་གཙོ་ཅན་ཅིག་ཨིནམ་ད་ གངས་རི་ལས་བབས་མི་ གཙང་ཆུ་དང་རོང་ཆུ་ལུ་བརྟེན་ གློག་ཤུགས་བཟོ་སྐྲུན་འབད་རུང་ གནམ་གཤིས་འགྱུར་བགྲོད་དང་ རང་བཞིན་གྱི་རྐྱེན་ངན་ དེ་ལས་ ཆུ་རུད་དང་ ས་རུད་ལུ་བརྟེན་ གནོད་ཉེན་བྱུང་དོ་ཡོདཔ་ལས་ བརྟན་ཏོག་ཏོ་མེདཔ་ཨིན་པས།
གནམ་དགུན་ལུ་ གངས་ཆུ་དང་ གཙང་ཆུ་ཚུ་ སྐམ་འགྱོ་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ནུས་ཤུགས་ཀྱི་ ཚད་ བརྒྱ་ཆ་༢༠ མར་བབས་འགྱོ་མི་ལུ་བརྟེན་ མཁོ་འདོད་འགྲུབ་མ་ཚུགས་པའི་གདོང་ལེན་ བྱུངམ་ཨིན་མས།
དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་སྦེ་ འགྱོ་དོ་ཡོདཔ་ལས་ རང་བཞིན་གནས་སྟངས་ལུ་ གནོད་པ་ཡོད་པའི་སྣུམ་འཁོར་དང་ བཟོ་སྐྲུན་ལས་སྡེ་ ཚོང་ལས་ སྒེར་སྡེ་ བཟོ་གྲྭ་ཁང་ཚུ་གིས་ ས་སྣུམ་ཌི་ཟིལ་དང་ པེ་ཊཱོལ་ཚུ་ མཁོ་འདོད་བཀོདཔ་ཨིན་པས།
དེ་བཞིན་དུ་ སྤྱི་ལོ་༢༠༠༢ ལུ་ རྒྱ་གར་ལས་ དངུལ་ཀྲམ་དུང་ཕྱུར་༡.༡ གནས་པའི་ ས་སྣུམ་པེ་ཊཱོལ་ནང་འདྲེན་འཐབ་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་དུང་ཕྱུར་༨.༩༧ གནས་པའི་ ས་སྣུམ་པེ་ཊཱོལ་ནང་འདྲེན་འབད་ནུག།
བསྟན་རྒྱས་ལྷན་ཁག་འོག་གི་ སླར་འབྱུང་ནུས་ཤུགས་ལས་ཁུངས་ཀྱིས་ ཡུན་བརྟན་སྦེ་ ལག་ལེན་འཐབ་ཚུགས་པའི་ ཐབས་ཤེས་གཞན་ཚུ་ཡང་ མི་མང་ལུ་ གོང་ཚད་མར་ཕབ་ཐོག་ལས་ ལྟོ་འབད་ནིའི་གློག་ཐབ་ཚུ་ རྩིས་ལོ་མཇུག་བསྡུཝ་ད་ སྤྲོད་ནི་དང་ ས་སྣུམ་པེ་ཊཱོལ་ལག་ལེན་འཐབ་ནི་ མར་ཕབ་འབད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༠ ཟླ་༧ པ་ལས་ སྐྱེ་ལྡན་མེ་རླུང་བ་ཡོ་གེསི་ ལག་ལེན་འཐབ་ནིའི་ ཐབས་བྱུས་བརྩམ་ནི་དང་ གློག་ཤུགས་ལས་བརྒྱ་ཆ་༢༨ དང་ ཐབ་ཤིང་ལུ་བརྟེན་བརྒྱ་ཆ་༣༦ ས་སྣུམ་པེ་ཊཱོལ་ལས་བརྒྱ་ཆ་༢༡ དེ་ལས་ གཞན་རྡོ་སོལ་ལས་ བརྒྱ་ཆ་༡༥ ལག་ལེན་འཐབ་ཡོདཔ་སྦེ་ ཞིབ་འཚོལ་ནང་ གསལ་སྟོན་འབད་ནུག།
ལས་ཁུངས་ཀྱི་མདོ་ཆེན་ མི་དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ནང་འཁོད་ལག་ལེན་འཐབ་ནིའི་དོན་ལུ་ གཞན་ཐབས་རིག་ཚུ་ ལག་ལེན་འཐབ་དོ་ཡོད་མི་དེ་ཡང་ རླུང་འཁོར་བརྟེན་པའི་ ནུས་ཤུགས་དང་ ཉི་དྲོད་ དེ་ལས་ བ་ཡོ་གེསི་རིགས་ཚུ་ ཨིན་ཟེར་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་དང་ ལྷན་ཁག་གི་དྲུང་ཆེན་བར་ན་ ལོ་བསྟར་གྲུབ་འབྲས་བརྡ་སྟོན་གན་ཡིག་གུ་ མཚན་རྟགས་བཀོད་མིའི་ནང་ ད་ལས་ཕར་ ལས་ཁུངས་ཀྱིས་ རང་བཞིན་ལུ་བརྟེན་པའི་ ནུས་ཤུགས་ཚུ་ ཞིབ་འཚོལ་འབད་དགོཔ་སྦེ་འདུག།
བསྟན་རྒྱས་ལྷན་ཁག་གི་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ རྒྱལ་ཁབ་ཀྱི་ གུང་པ་༡༤༠༠ དེ་ཅིག་ལུ་ ད་ལྟོའི་བར་ན་ཡང་ གློག་མེའི་མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་མ་ཚུགས་པར་ཡོདཔ་ལས་ གལ་སྲིད་ བཟའ་སྤྱོད་འབད་མ་ཚུགས་པར་ལུས་མི་ ཞིང་ཚུ་ནང་ ནུས་ཤུགས་བཟོ་སྐྲུན་འབད་བ་ཅིན་ ཕན་ཐོགས་ཡོད་ཟེར་ཨིན་པས།
མ་གཞི་ གཞན་ཐབས་ཤེས་སྲིད་བྱུས་ སྤྱི་ལོ་༢༠༡༣ ནང་ ལོག་ལག་ལེན་འཐབ་བཏུབ་པའི་ ནུས་ཤུགས་སྒྲིག་གཞི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༢༥ ལུ་ གློག་ཤུགས་མེ་ག་ཝཱཌ་༢༠ ལས་བརྒལ་ ལག་ལེན་འཐབ་ནི་མེད་ཟེར་བཀོད་མི་དེ་ ལོག་ལག་ལེན་འཐབ་བཏུབ་པའི་ བ་ཡོ་མཱསི་དང་ རླུང་འཁོར་ དེ་ལས་ ཉིན་དྲོད་ཚུ་ལུ་བརྟེན་ཨིན་པས།
ལྷོ་ཨེ་ཤེ་ཡཱན་ལུང་ཕྱོགས་གོང་འཕེལ་མ་དངུལ་ལས་ ལོག་ལག་ལེན་འཐབ་བཏུབ་པའི་ ནུས་ཤུགས་ཀྱི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་ནི་ལུ་ སྤྲོ་བ་ཡོདཔ་ད་ ལས་འགུལ་ཆུང་བའི་གོང་འཕེལ་མ་དངུལ་ལས་ བཀོད་ཁྱབ་གཙོ་འཛིན་ སུ་ནིལ་ མོ་ཏི་ཝལ་གྱིས་ སླབ་མི་དང་འཁྲིལཝ་ད་ རང་བཞིན་ལུ་བརྟེན་པའི་ ནུས་ཤུགས་ལས་འགུལ་ལུ་ མ་རྩ་གཞི་བཙུགས་འབད་དགོ་ཟེར་ཨིནམ་ད་ ནུས་ཤུགས་དེ་གིས་ ནང་འཁོད་ཀྱི་རེ་འདོད་ཚུ་ འགྲུབ་ཚུགས་ཟེར་ ཨིན་པས།
གཙོ་འཛིན་དང་འཁྲིལཝ་ད་ རང་བཞིན་ལུ་བརྟེན་པའི་ ནུས་ཤུགས་བཟོ་སྐྲུན་འབད་ནི་ཨིན་པ་ཅིན་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ བྱིན་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *