ནང་འཁོད་རྩུབ་སྤྱོད་ཀྱི་སྙན་ཞུ་ འབྲེལ་ཡོད་དབང་འཛིན་ལུ་འབད་དགོཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ ནང་འཁོད་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ག་ཅི་ར་ཨིན་རུང་ མང་ཤོས་ར་ ཉམས་རྒུདཔ་ཚུ་གིས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ མོས་མཐུན་བཟོ་ནིའི་ སྦྱོང་བརྡར་ལས་རིམ་གྱི་སྐབས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེའི་ གསོ་བ་ཉམས་མྱོང་ཤེས་ཡོན་དང་ ཁྲིམས་དོན་མཁས་མཆོག་ ཨིས་ཊི་ཕེན་ སོ་ནི་བཱརཊ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོའི་ལྷན་ཚོགས་ཀྱི་ རྒྱལ་ཡོངས་བརྟག་ཞིབ་༢༠༡༣ ཅན་མ་དང་འཁྲིལཝ་ད་ ནང་འཁོད་རྩུབ་སྤྱོད་ཀྱི་རྩོད་དོན་ བརྒྱ་ཆ་༢༩ དེ་ སྨན་ཁང་དང་ གསོ་བའི་ལྟེ་བ་ དེ་ལས་ བརྒྱ་ཆ་༢༤ དེ་ ས་གནས་གཞུང་གི་འགོ་དཔོན་དང་ བརྒྱ་ཆ་༡༣ ཁྲིམས་སྲུང་འགག་སྡེ་ བརྒྱ་ཆ་༨ ལས་བརྒལ་ ཨམ་སྲུ་དང་འབྲེལ་བའི་ ལས་སྡེ་ཚུ་ནང་ སྙན་ཞུ་མ་འབད་བས་ཟེར་ཨིན་པས།
དེ་མ་ཚད་ གནད་དོན་བརྒྱ་ཆ་༡༩ ཁྲིམས་འདུན་དང་ བརྒྱ་ཆ་༥ ཉེན་སྲུང་གི་ཁྱིམ་ནང་ དེ་ལས་ བརྒྱ་ཆ་༥ དེ་ཅིག་གིས་ ཁྲིམས་དོན་བསླབ་བྱ་ལྟེ་བའི་ནང་ སྙན་ཞུ་འབད་བར་ སོང་ཡོད་རུང་ བརྒྱ་ཆ་༣༨ ཀྱིས་ ག་ལུ་ར་ མ་སླབ་པར་ སྡོད་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ཚོད་རྩིས་བཏོན་མི་དང་འཁྲིལཝ་ད་ ཉམས་རྒུདཔ་༩༧ དེ་ཅིག་གིས་ ནང་འཁོད་རྩུབ་སྤྱོད་སྐོར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཁར་ བརྒྱ་ཆ་༩༩ དེ་ཅིག་གིས་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ འབྲེལ་ཡོད་གཞུང་མིན་ལས་སྡེ་ཚུ་ལུ་ སྙན་ཞུ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་ ནང་འཁོད་རྩུབ་སྤྱོད་ནང་ འབྲེལ་བ་ཡོད་མི་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་མ་འབད་མི་དེ་ཡང་ གལ་སྲིད་ སྙན་ཞུ་འབད་བ་ཅིན་ མི་སྡེ་གིས་ ཁ་གཏང་ནི་དང་ རྣམ་རྟོག་ལང་འོང་ཟེར་ཨིནམ་ལས་ དེ་གི་སྐོར་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ལྷན་ཚོགས་ཀྱིས་ ནང་འཁོད་རྩུབ་སྤྱོད་དང་འབྲེལ་བའི་ རྩོད་རྙོགས་༣༧༥ དེ་ཅིག་ ལག་ལེན་འཐབ་མི་ལས་ མང་ཤོས་ར་ བདག་མེད་སྦེ་ བཞག་མི་དང་ ལུས་ཐོག་རྩུབ་སྤྱོད་ དེ་ལས་ དྲན་ཤེས་སམ་ ཚོར་སྣང་གི་ རྩུབ་སྤྱོད་བྱུང་མི་ཚུ་ཨིན་པས།
ཨིས་ཊི་ཕེན་ སོ་ནི་བརཊ་གིས་འབད་བ་ཅིན་ ནང་འཁོད་རྩུབ་སྤྱོད་ཀྱི་ སྙན་ཞུ་ཚུ་ཡང་ མང་ཤོས་ར་ རྒཔོ་དང་ དམངས་མི་ དེ་ལས་ ཚོགས་པ་ལུ་ འབད་དོ་ཡོདཔ་ལས་ ཁོང་གིས་ ནང་འགྲིག་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *