ནང་འཁོད་འཁོར་ལམ་དང་ ཆུ་གཡུར་སེལ་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ།

༉ དགེ་ལེགས་ཕུག་ཁྲོམ་སྡེ་གི་ས་ཁོངས་ནང་ བཟོ་སྐྲུན་གྱི་ལཱ་ ལེ་ཤ་འབད་ནི་འགོ་བཙུགས་ཡོད་མིའི་ནང་ལས་ ནང་འཁོད་ཀྱི་ སྣུམ་འཁོར་ལམ་དང་ ཆུ་གཡུར་སེལ་ནི་ཚུ་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་བཞི་པ་དེ་ མཇུག་བསྡུ་ཡོདཔ་ལས་ ས་གནས་ས་ཁོངས་འཆར་གཞི་ལྔ་པ་དེ་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ཁྲོམ་སྡེ་ཚོགས་སྡེ་ འཚོགས་པའི་སྐབས་ ཆ་འཇོག་གྲུབ་ཡོདཔ་ལས་ དེ་གི་དོན་ལས་ ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་ལྔ་པའི་ནང་ ས་ཆ་ཨེ་ཀར་༢༢༢ ཚུད་དེ་ཡོདཔ་ད་ དེ་ཡང་ བཀྲིས་གླིང་འདེམས་ཁོངས་འོག་གི་ ཉི་མ་ལུང་གྲྭ་ཚང་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ ནང་འཁོད་གནམ་གྲུ་ཐང་དང་ ཁྲོམ་ཚུན་ཚོད་ཀྱི་ ས་ཆ་སྟོངམ་སྦེ་ཡོད་མི་ ཁྲོམ་སྡེ་ཡིག་ཚང་ དེ་ལས་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ས་ཁོངས་ཚུ་ ཚུདཔ་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་ལྔ་པའི་ནང་ ཁྲམ་འཆང་མི་༣༢༢ ཡོདཔ་ད་ དེ་ནང་ལས་ ས་ཆ་བརྒྱ་ཆ་༢༧ གཞུང་བཞེས་འབད་ཡོདཔ་ད་ བརྒྱ་ཆ་༢༣ སྣུམ་འཁོར་ལམ་དང་ མི་ལམ་གྱི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
དེ་ནང་ལས་ མི་༡༡ གི་ས་ཆ་ གཞུང་བཞེས་མ་འབད་བའི་ཧེ་མར་ ཌིསི་༡༣ མེདཔ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་ཏེ་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ས་ཆ་ལ་ལོ་ཅིག་ ས་ཆ་༢ དང་༣ བསྡོམས་ཞིནམ་ལས་ གཅིག་སྦེ་བཟོ་སྟེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སའི་ཇོ་བདག་༦ གིས་ གཞུང་ལུ་ ཏི་རུ་ཐེབས་སྤྲོད་ཞིནམ་ལས་ ས་ཆ་ལངམ་སྦེ་ མཁོ་སྒྲུབ་འབད་ཡོདཔ་ད་ ད་ལྟོ་ དགེ་ལེགས་ཕུག་ཁྲོམ་སྡེ་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ས་འཇལ་མི་ཚུ་གིས་ ས་མཚམས་བཀལ་དོ་ཡོདཔ་ད་ འཕྲལ་མགྱོགས་ར་ སའི་ཇོ་བདག་ཚུ་ལུ་ རྩིས་སྤྲོད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་ནང་ ལས་རིམ་ཁག་ཆེ་ཤོས་ཅིག་ བཟོ་གྲྭ་ས་ཁོངས་ལྟེ་བ་ གོང་འཕེལ་གཏང་ནི་དེ་ཨིནམ་ད་ དེ་ནང་ད་ལྟོ་ ལམ་གྱི་མཐའམ་བདའ་ཡོད་མི་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་ནི་ཨིན་པས།
བཟོ་གྲྭ་ས་ཁོངས་ལྟེ་བའི་ནང་ སྣུམ་འཁོར་བཅོ་ཁང་དང་ ཞབས་ཏོག་བཙུགས་འདོད་བསྐྱེད་མི་ གཞན་ལེ་ཤ་ཐོན་དོ་ཡོདཔ་ད་ ད་ལྟོ་ས་ཚན་༡༠༣ གྱི་དོན་ལུ་ ཞུ་ཡིག་བཙུགས་མི་༢༠༠ ལྷགཔ་ཅིག་ ཐོན་ཡོདཔ་ཨིན་པས།
བཟོ་གྲྭ་ས་ཁོངས་ལྟེ་བ་དེ་ ཁྲོམ་སྡེ་གི་དོན་ལུ་ ཁག་ཆེ་ཤོས་ཅིག་སྦེ་ བརྩི་དགོ་མི་དེ་ཡང་ ཁྲོམ་སྡེ་གིས་ ས་ཆ་གླར་སྤྱོད་ཡོད་མི་ལས་ འོང་འབབ་བཟོ་ཚུགས་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ འཐུས་དངུལ་ཀྲམ་༤༢ སྦེ་ གཏན་འཁེལ་བཟོ་ཡོདཔ་ཨིན་རུང་ གོང་ཚད་དེ་ མཐོ་དྲགས་པས་ཟེར་ ད་ལྟོ་དངུལ་ཀྲམ་༤ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
ཁྲོམ་དཔོན་ཊི་ཀ་རམ་ ཀཱཕ་ལེགས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ས་ཆའི་གླ་འཐུས་དེ་ ཧེ་མ་བཟུམ་སྦེ་བཞག་པ་ཅིན་ མཐོ་དྲགས་ནི་དེ་གིས་ སྤྲོ་བ་བསྐྱེད་མི་ཡང་ ཉུང་སུ་ཅིག་ལས་ མེད་ནི་དེ་གིས་ གོང་ཚད་མར་ཕབ་འབད་ཡི་ཟེར་ཨིན་པས།
ད་ལྟོའི་ གླླ་འཐུས་དེ་གིས་ ལོ་རེ་ནང་ ཁྲོམ་སྡེ་ལུ་ དངུལ་ཀྲམ་ས་ཡ་༨.༢ བཟོ་ཚུགས་ནི་ཨིནམ་ད་ ཧེ་མ་ ལོ་ངོ་༣ གྱི་རིང་ ས་ཆ་ལག་ལེན་མ་འཐབ་པར་ བཞག་མི་དེ་གིས་ ལོ་རེ་ནང་ དངུལ་ཀྲམ་ས་ཡ་༨.༢ དེ་ཅིག་ ཆུད་ཟད་ཡར་སོ་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *