སྤ་རོ་ཤར་པ་ལས་ བཟའ་ཚང་ཅིག་གིས་ ཀེ་བ་དོས་ སྣུམ་འཁོར་བོ་ལི་རོ་༡ ནང་ འབག་འོང་ཡོད་རུང་ དུས་ཡུན་ཆུ་ཚོད་༢ ནང་ ཕད་ཙེ་གཅིག་ཡང་ བཙོང་མ་ཚུགསཔ་ལས་ ལོག་འགྱོ་དགོཔ་ཐོན་ནུག།

ནང་འཁོད་ཚོད་བསྲེ་བཀྲམ་སྤེལ་བ་ཚུ་ལུ་ དུས་ཡུན་ཐུང་དྲགས་པའི་དཀའ་ངལ།

༉ ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ བདུན་ཕྲག་རེ་ནང་ཚར་གཉིས་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ ཚོད་བསྲེ་སྦུང་ཚོང་སྦེ་བཙོང་པར་ འབག་འོངམ་ཨིན་པས།

དེ་ཡང་ རེས་གཟའ་ཕུར་པ་དང་ པ་སངས་ལུ་ སྦུང་ཚོང་སྦེ་ བཙོང་མི་ཚུ་ལུ་ བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་འཛིན་སྐྱོང་གིས་ དུས་ཡུན་ཆུ་ཚོད་༢ བྱིནམ་བཞིན་དུ་ དུས་ཚོད་འབྱིན་པའི་བསྒང་ལས་ ཚོང་ཁྲོམ་གྱི་ ས་གོ་ནང་ལས་ འཐོན་འགྱོ་དགོཔ་ཨིན་པས།

དེ་འབདཝ་ད་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ཚུ་གིས་ དུས་ཡུན་དེ་གི་ ནང་འཁོད་ལུ་ ཁོང་རའི་ ཚོད་བསྲེ་ཚུ་ སྒོ་ཚོང་པ་ཚུ་ལུ་ བཙོང་མི་ཚར་དོ་ཡོདཔ་ལས་ དུས་ཚོད་མངམ་བྱིན་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

སྤུ་ན་ཁ་ལས་ ཆོས་རྒྱལ་གྱིས་ སླབ་མིའི་ནང་ ཐོན་སྐྱེད་ཚུ་འབག་སྟེ་ ཚོད་བསྲེ་ཚོང་ཁྲོམ་གྱི་ སྣུམ་འཁོར་བཞག་སར་ འབག་འོངམ་ད་ ས་གོ་ཆུང་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ བཙོང་དགོཔ་ལས་ དུས་ཚོད་ཚང་པའི་བསྒང་ལས་ བཙོང་མ་ཚར་རུང་ འཐོན་འགྱོ་དགོ་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤ་རོ་ཤར་པ་ལས་ བཙན་སྐྱོགས་དང་ བཟའ་ཚང་གིས་ སྣུམ་འཁོར་བོ་ལི་རོ་༡ གི་ ཀེ་བ་དོས་༡ འབག་འོང་ཡོད་རུང་ དུས་ཡུན་ནང་འཁོད་ལུ་ ཕད་ཙེ་གཅིག་ཡང་ བཙོང་མ་ཚུགསཔ་ལས་ ལོག་འགྱོ་དགོཔ་ཐོན་ནུག།

བཟའ་ཚང་དེ་གིས་ སླབ་མིའི་ནང་ ལཱ་ཁག་སྦེ་ བཙོང་ནིའི་དོན་ལུ་ ཡོད་མི་རང་ལས་བཏོན་ མེད་མི་ཚུ་ ཕར་དང་ཚུར་ལས་ མཁོ་སྒྲུབ་འབད་དེ་ དྲོ་པར་ཆུ་ཚོད་༣ ལུ་ སྤ་རོ་ལས་ ཐིམ་ཕུག་ལུ་ འབག་འོང་ཡོད་རུང་ ཀེ་བ་ཕད་ཙེ་༡ ཡང་ བཙོང་མ་ཚུགས་པར་ ལོག་གཡུས་ཁར་འོང་དགོཔ་ ཐོན་ཡི་ཟེར་ཨིན་པས།

སྤུ་ན་ཁ་ཤེལ་རྔ་ན་ལས་ ཀུན་བཟང་ཆོས་སྒྲོན་གྱིས་ ཨེ་མ་ཕད་ཙེ་༡༠ འབག་འོང་ཡོདཔ་ད་ མོ་གིས་ ཨེ་མ་ཕད་ཙེ་རེ་ལུ་ དངུལ་ཀྲམ་༣,༥༠༠ རེ་སྦེ་ བཙོང་ཡོད་རུང་ ཨེ་མ་ཕད་ཙེ་༦ བཙོང་མ་ཚརཝ་ལས་ ལྷག་ལུས་དེ་ཚུ་ ག་ཏེ་བསྐྱལ་ནི་ཨིན་ན་ ཚ་གྱངམ་ལང་མས་ཟེར་ བཤདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཚོང་ཁྲོམ་གྱི་གདོང་ཁར་ཡོད་མི་ ས་ཁོངས་དེ་ ཨ་རྟག་བཙོང་མི་ སྒོ་ཚོང་པ་དང་ ཉོ་བར་འོང་མི་ཚུ་གི་དོན་ལུ་ཨིན་ཟེར་ རྫོང་ཁག་ཕྱི་ཁ་ལས་ སྦུང་ཚོང་སྦེ་ བཙོང་པར་འོང་མི་ཚུ་ བདའ་བཏང་མི་དེ་ མི་བཏུབ་པས་ཟེར་ཨིན་པས།

བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ འཛིན་སྐྱོང་པ་གིས་ དབྱེ་ཕྱེ་ནི་མེན་པར་ སྒོ་ཚོང་པ་དང་ སྦུང་ཚོང་སྦེ་ བཀྲམ་སྤེལ་འབད་མི་ཚུ་གི་དོན་ལུ་ ས་གོ་སོ་སོར་ བྱིན་དགོཔ་འདུག་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།

ཐིམ་ཕུག་ཁྲོམ་གསརཔ་ དཔོན་ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་བྱུང་མི་དེ་ ནད་ཡམས་ལུ་བརྟེན་ འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ དཀའ་ངལ་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཞིནམ་ལས་རྐྱངམ་གཅིག་ ཐབས་ལམ་བཏོན་ཚུགས་ཟེར་ བཤདཔ་ཨིན་པས།

བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ འཛིན་སྐྱོང་པ་ ཚེ་རིང་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ དཀའ་ངལ་ཐོན་མི་དེ་ གསརཔ་ཅིག་མེན་པར་ ཧེ་མ་ལས་ར་ཡོད་མི་དེ་ཡང་ དུས་ཚོད་ཀྱི་ ནང་འཁོད་ཐོན་སྐྱེད་འབདཝ་ད་ རྫོང་ཁག་གཞན་ཚུ་ལས་ ཐོན་སྐྱེད་བཙོང་པར་ འབག་འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཚེ་རིང་བསྟན་འཛིན་གྱིས་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༢ ཀྱི་ནང་འཁོད་ དོས་ཚུ་ ཕབ་ཞིནམ་ལས་ ཐད་ཀར་དུ་ སྒོ་ཚོང་པ་གིས་ ཉོ་འབག་དགོཔ་ཨིན་རུང་ སྦུང་ཚོང་པ་དང་ སྒོ་ཚོང་པ་ཚུ་གི་བར་ན་ རིན་གོང་གུ་ གྲོས་བསྟུན་འབད་དེ་ར་ དུས་ཚོད་རྫོགསཔ་མས་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *