ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་ནི།

༉ འདས་པའི་ལོ་ཚུ་ནང་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ ཐང་ཐིག་གཅིག་སྦེ་ར་ ཡར་དྲག་སོང་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གཙོ་རིམ་ལས་སྡེའི་སྐྱིན་འགྲུལ་ འགོ་བཙུགས་པའི་ཤུལ་ལས་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ བརྒྱ་ཆ་༢༠ ལྷགཔ་ཅིག་ ཡར་དྲང་སོང་ཡོདཔ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ ཆོག་ཐམ་འཆང་བའི་ཁར་ ལག་ལེན་འཐབ་བཞིན་དུ་ཡོད་མི་ ནང་འཁོད་བཟོ་གྲྭ་ཆུང་བ་༢༠,༠༠༠ ལྷགཔ་ཅིག་འདུག།
ཁ་ཙ་ མཇུག་བསྡུ་མི་ འབྲུག་དཔལ་འབྱོར་གསར་བཏོད་སོར་སྒྱུར་གྲོས་འཛོམས་ ཐེངས་༢ པའི་ དམིགས་གཏད་དང་འཁྲིལ་རུང་ རྒྱལ་ཁབ་ནང་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ ལྷག་པར་དུ་ ཡར་རྒྱས་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ བཙོན་ཤུགས་བསྐྱེད་ནི་ཨིནམ་ལས་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
དཔེ་འབད་བ་ཅིན་ ད་རེས་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་འགྱོ་མི་ འབྲུག་རྒྱལ་ཁབ་བཟུམ་ཅིག་གི་དོན་ལུ་ དམིགས་བསལ་དུ་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ ཡར་རྒྱས་གཏང་ནི་དེ་ གནད་འགག་ཆེ་དྲགས་ཅིག་ཨིན་མས།
ལྟ་རྟོག་པ་ཚུ་གིས་ བསམ་བཤད་འབད་མི་དང་འཁྲིལཝ་ད་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ནང་ དང་འདོད་བསྐྱེད་མི་ འབྲུག་མི་ཚུ་གི་ ཆ་སྙོམས་ལོ་ཚད་༢༧ ཨིནམ་བཞིན་དུ་ ཁོང་གིས་ ཁེ་སང་བཟོ་བ་གིས་མ་ཚད་ མི་སྡེའི་མཐའ་དོན་ལུ་ ཤེས་ཡོན་བྱིན་ནི་དང་ ཡར་དྲག་གཏང་ནི་ བརྡ་དོན་སྤེལ་ནི་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ དེ་ལས་ མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་ནིའི་ གནད་དོན་ཚུ་ནང་ཡང་ ལྷན་གྲོགས་འབདཝ་མས་ཟེར་ཨིན་མས།
ཨིན་རུང་ ཚོང་ལས་ཁང་ཚུ་ལུ་ ད་རེས་ནངས་པར་ དཔལ་འབྱོར་གྱི་གོ་སྐབས་ ལེགས་ལྡན་བཟོ་ནིའི་དོན་ལུ་ དོ་འགྲན་སྦོམ་སྦེ་ར་ བྱུང་སྟེ་འདུག།
ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་གིས་ ད་རེས་ རྒྱལ་ཁབ་ནང་ དོ་འགྲན་སྦོམ་ཤོས་ཅིག་སྦེ་བྱུང་མི་ དཔེ་འབད་བ་ཅིན་ ན་གཞོན་ལཱ་གཡོག་མེད་མི་ ཡར་འཕར་འགྱོ་མི་དང་ སོ་ནམ་ལས་སྡེ་མར་ཉམས་འགྱོ་མིའི་ དཀའ་ངལ་དེ་ཚུ་ སེལ་ཐབས་འབད་ནི་ལུ་ ངེས་པར་དུ་ འགན་ཁུར་འབག་དགོཔ་འདུག།
ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་གི་ གྱངས་ཁ་ལུ་ལྟཝ་ད་ ལེགས་ཤོམ་ཅིག་སྦེ་མཐོངམ་ཨིན་རུང་ ད་ལྟོ་ བཟོ་གྲྭ་ཚུ་ལུ་བརྟེན་པའི་ ཕན་ཁྱད་ངོ་མ་ཅིག་ འབྱུང་མ་ཚུགས་པར་ཡོདཔ་ད་ མ་གཞི་ གཅིག་ལས་བལྟ་བ་ཅིན་ ལམ་ལུགས་དང་སྒྲིག་གཞི་ཚུ་ ལེགས་བཅོས་འབད་བ་ཅིན་ རྒྱལ་ཁབ་ནང་ གཞི་བཙུགས་འབད་དེ་ཡོད་མི་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ སྔར་བ་དྲགཔ་སྦེ་ ཡར་དྲག་འགྱོ་ནི་ཨིནམ་ལས་ དེ་ལུ་བརྟེན་པའི་ ཁེ་ཕན་ཚུ་ཡང་ དངོས་མཐོང་སྦེ་ར་ འབྱུང་ཚུགས་ནི་ཨིན་མས།
མི་སྟོབས་གོང་འཕེལ་གཏང་ནི་དང་ ཚོང་འབྲེལ་རྒྱ་སྐྱེད་འབད་ནིའི་དོན་ལུ་ དུས་དང་དུས་སུ་ ཚོང་ལཱ་འབད་མི་ཚུ་ལུ་ ཉེ་བར་མཁོ་བའི་ རིག་རྩལ་གོང་འཕེལ་གཏང་ནི་དང་ བརྡ་དོན་སྤྲོད་ནི་ དེ་ལས་ གོ་བསྡུར་ཞལ་འཛོམས་དང་ སྦྱོར་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་ ཁག་ཆེཝ་སྦེ་ར་ མཐོངམ་ཨིན་མས།
ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ ཚོང་ལས་འཐབ་མི་ན་གཞོན་ཚུ་ལུ་ དཀའ་ངལ་དང་ གདོང་ལེན་སྦོམ་ཤོས་དེ་ར་ ཚོང་ལམ་ཉུང་སུ་ཅིག་ལས་བརྒལ་ མེད་མི་དེ་ཨིནམ་ད་ དེའི་དོན་ལུ་ དཔལ་འབྱོར་གོ་ཡངས་ཐོག་ལས་ དུས་ཚོད་དང་བསྟུན་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ མཉམ་རུབ་ཐོག་ལས་ རྒྱ་སྐྱེད་དང་འབྲེལ་ ཚོང་ལམ་བཟོ་ནིའི་དོན་ལུ་ ཐབས་བྱུས་ཡང་དག་ཚུ་ བཏོན་ཚུགས་པ་ཅིན་ ད་ལྟོ་བྱུང་མི་ དཀའ་ངལ་དང་གདོང་ལེན་ཚུ་ སེལ་ཐབས་འབད་ཚུགས།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *