༉ མི་སེར་སོ་ནམ་པ་ཚུ་གིས་ ཐོན་སྐྱེད་འབད་མི་རེད་ཚུ་གི་ ཚོང་འབྲེལ་ལེགས་ཤོམ་མེད་རུང་ ཐོན་སྐྱེད་མངམ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་དམིགས་ཏེ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ནང་འཁོད་ལས་ཐོན་མི་རེད་ཚུ་ འཕྲོ་མཐུད་དེ་ར་ ཉོ་ནི་ཨིན་པས།
དེ་ཡང་ ལས་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ སོ་ནམ་ཚོང་ཁང་༡༠༠ ལྷགཔ་ཅིག་ སྒོ་ཕྱེ་སྟེ་ཡོད་མི་ཚུ་གིས་ སོ་ནམ་པ་ཚུ་ལས་ རེད་ཚུ་ཉོ་་སྟེ་ འཐགམ་བརྡུངས་ཞིནམ་ལས་ བཙོང་ནི་ཨིན་པས།
སོ་ནམ་ཚོང་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ ཚོང་འབྲེལ་གཙོ་འཛིན་འགོ་དཔོན་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ལོག་ཉོ་ནི་ཟེར་མི་ ལས་འཆར་དེ་ ལག་ལེན་འཐབ་ཐོག་ལས་ མི་སེར་ཚུ་གིས་ ཐོན་སྐྱེད་འབད་མི་རེད་ཚུ་ ཉོ་ནི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལས་འཆར་དེ་ཡང་ ན་ཧིང་ལས་ སོ་ནམ་ཚོང་ཁང་ཚུ་ནང་ མོ་བཏབ་འབད་མི་དེ་ དུས་ཅི་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སོ་ནམ་པ་ཚུ་གི་ ཐོན་སྐྱེད་ལྷག་ཐོན་མི་ཚུ་ དགོས་མཁོའི་ཚད་གཞི་དང་འཁྲིལ་ ཉོ་འོང་ཟེར་ཨིནམ་ད་ རེད་ཨིན་པ་ཅིན་ མེ་ཊིག་ཊཱན་རེ་ ཐོན་སྐྱེད་འབད་དགོཔ་ཨིན་པས།
ཀ་ལ་བཱོག་ཟེར་མི་ རེད་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༣༦ རེ་དང་ ཉུང་ཤོས་དངུལ་ཀྲམ་༢༢ རེ་ཨིན་རུང་ ཡོངས་གྲགས་ལུ་ ཁམ་ཏི་ཟེར་མི་ ཇོ་མོ་གཙང་ཁ་ལས་ཐོན་མི་ རེད་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
ཡོན་ཏན་རྒྱ་མཚོ་གིས་ འབད་བ་ཅིན་ སོ་ནམ་པ་ཚུ་གིས་ སོ་ནམ་ཚོང་ཁང་ཚུ་ནང་ བཙོང་མི་ལས་ ཁེ་སང་བཟོ་མི་ཚུགས་ནི་ཨིན་རུང་ ཁོང་གིས་ རེད་འཛུགས་སྐྱོང་འབད་བའི་སྐབས་ ཟད་འགྲོ་བཏང་མི་དེ་ ལོག་ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ལས་འཆར་དེ་གིས་ འཚོ་བའི་ཐོན་སྐྱེད་ ཡུན་བརྟན་བཞག་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ བཤདཔ་ཨིན་པས།
ལས་འཛིན་གྱིས་ སྤྱི་ལོ་༢༠༡༦ དང་༢༠༡༧ གྱི་བར་ན་ དངུལ་ཀྲམ་ས་ཡ་༡.༧ གནས་པའི་ རེད་མེ་ཊིག་ཊཱན་༧༧ ཉོ་ཡོདཔ་ད་ སྤྱི་ལོ་༢༠༡༡ ལས་༢༠༡༦ ལོའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ནང་འཁོད་ལས་ཐོན་མི་ རེད་ཀྱི་གོང་ཚད་ ལེགས་ཤོམ་མི་ལུ་བརྟེན་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་ནི་དེ་ཡང་ དྲི་བཀོད་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ནུག་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གི་ རེད་ཚོང་འབྲེལ་ལས་རིམ་གྱི་ བརྩོན་ཤུགས་དང་འཁྲིལ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ རྩི་རང་ གསར་སྤང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ལས་ ཐོན་སྐྱེད་འབད་མི་ རེད་ཚུ་ཉོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་ཡང་ ནང་འཁོད་ཀྱི་ རེད་མང་སུ་སྦེ་ འཛུགས་སྐྱོང་འབད་བཅུག་ཐབས་ལུ་ཨིན་པས།
སོ་ནམ་ལྷན་ཁག་དང་ འབྲུག་བཟའ་སྤྱོད་ལས་འཛིན་གཉིས་ཀྱིས་ སྤྱི་ལོ་༢༠༡༤ ལས་༢༠༡༥ འི་བར་ན་ དངུལ་ཀྲམ་ས་ཡ་༡༡.༢༡ གནས་པའི་ ནང་འཁོད་ཀྱི་རེད་དེ་ སློབ་གྲྭ་ཁག་ཚུ་ནང་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རེད་མེ་ཊིག་ཊཱན་༣༨༣.༨༡ དེ་ཅིག་ འཐགམ་བརྡུངས་མི་དེ་གིས་ སྤྱི་ལོ་༢༠༡༥ ལུ་ ཆུམ་མེ་ཊིག་ཊཱན་༢༣༥.༣༩ ཐོན་ཡོདཔ་ཨིན་པས།
ལས་འབྲེལ་རྩིས་ཞིབ་སྙན་ཞུ་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་འཛིན་ཚུ་གིས་ ལན་རྐྱབ་དོ་བཟུམ་འབད་བ་ཅིན་ ལས་འཛིན་དང་ ཤེས་རིག་ལྷན་ཁག་གི་བར་ན་ སློབ་གྲྭ་ཁག་ཚུ་ལུ་ ལས་འཛིན་གྱིས་ ཆུམ་བཀྲམ་སྤེལ་འབད་ནི་སྦེ་ བཟོ་ཡོད་རུང་ གན་ཡིག་དང་འཁྲིལ་ འབད་མ་ཚུགས་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཨའི་ཨར་༦༤ དང་ བཱུར་ ཁམ་འབྱ་གཉིས་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་ཟེར་ ལན་གསལ་རྐྱབ་ནུག།
ལས་འཛིན་གྱིས་ ནང་འཁོད་ལས་ཐོན་མི་ཆུམ་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ སོ་ནམ་ལྷན་ཁག་གིས་ གོང་ཚད་ཀྱི་ ཚད་གཞི་བཟོ་ཡོད་མི་དང་འཁྲིལ་ ཆུམ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༢ རེ་སྦེ་ བཙོང་དགོཔ་ཨིན་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་ལས་བརྒལ་ ཐོབ་མ་ཚུགསཔ་ལས་ གོང་ཚད་དངུལ་ཀྲམ་༣༢ ཀྱི་ ཁྱད་པར་ཐོན་སོཔ་ལས་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༡.༣༩༤ དེ་ཅིག་ སྤྲོད་དགོཔ་ཐོན་ནུག་ཟེར་ རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ཆུམ་ཚུ་ ཕྱི་ཁ་ལས་ནང་འདྲེན་འབད་མི་ གོང་ཚད་ཁེ་ཏོག་ཏོ་ཡོད་མི་ ཆུམ་དང་གཅིག་ཁར་ དོ་འགྲན་འབད་དགོཔ་ལས་ རྒྱལ་ཁབ་ནང་འཁོད་ལུ་ དཔལ་འབྱོར་གྱི་ འོས་འབབ་ཡང་ བལྟ་དགོཔ་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུམ་གསོག་འཇོག་འབད་དེ་ བཞག་ནི་གི་ དུས་ཡུན་དེ་ཡང་ ཟླ་ངོ་༦ མ་གཏོགས་མེདཔ་ལས་ དེ་གིས་ཡང་ དཀའ་ངལ་བྱིན་ཡི་ཟེར་ཨིནམ་ད་ སོ་ནམ་ལྷན་ཁག་གིས་ ས་ཆ་སྟོངམ་སྦེ་ བཞག་ཡོད་མི་ལུ་ འབྱ་མང་སུ་སྦེ་ འཛུགས་སྐྱོང་འབད་ནིའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དུས་ཅིའི་ལོ་འགོ་བཙུགསཔ་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ དགེ་ལེགས་ཕུག་ ཉ་གསོ་སྐྱོང་ཁང་གི་ ས་ཁོངས་ནང་ཡོད་མི་ སྒེར་གྱི་ཆུ་ཞིང་ ཨེ་ཀར་༢༠༠ དེ་ཅིག་ལེན་ཏེ་ འབྱ་འཛུགས་སྐྱོང་འབད་ཡོདཔ་ད་ ཆུ་གཟེར་སྒང་ལུ་ཡང་ ས་ཆ་ཨེ་ཀར་༢༥༠ གླ་ཁར་ལེན་ཡོདཔ་ཨིན་པས།
ཆུ་གཟེར་སྒང་ལུ་ཡོད་མི་ ཆུ་ཞིང་ལ་ལོ་ འབྱ་འཛུགས་སྐྱོང་འབད་དེ་ཡོད་རུང་ དགེ་ལེགས་ཕུག་ལུ་ཡོད་མི་ ས་ཆ་སྟོངམ་ཚུ་ ལས་མི་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ བཟའ་སྤྱོད་མ་འབད་བར་ ལོ་ངོ་༡༥ ལྷག་སོ་ནུག་ཟེར་ཨིན་པའི་གནས་ཚུལ།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …