ནང་འཁོད་གནམ་གྲུའི་ འཕུར་འགྲུལ་ཞབས་ཏོག་ སྤྱི་ཟླ་༡༡ པའི་ཚེས་༡༡ ལས་ འགོ་བཙུགས་ནི།

༉ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ བཀྲིས་སྒང་ཡོན་ཕུ་ལ་དང་ དགེ་ལེགས་ཕུག་གི་ ནང་འཁོད་གནམ་གྲུའི་ འཕུར་འགྲུལ་ཞབས་ཏོག་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མི་དབང་འབྲུག་རྒྱལ་༤ པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་འབྲེལ་ འགོ་བཙུགས་ནི་ཨིན་པས།
ཡོན་ཕུ་ལ་དང་ དགེ་ལེགས་ཕུག་ལུ་ ནང་འཁོད་གནམ་གྲུའི་ཞབས་ཏོག་ མཚམས་འཇོག་འབད་དེ་ ལོ་༢ དང་༣ དེ་ཅིག་ བཞག་དགོཔ་ཐོན་མི་དེ་ཡང་ གནམ་ཐང་ལེགས་བཅོས་དང་ གཞི་རྟེན་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་ཐོན་ནི་དེ་གིས་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་འབད་བ་ཅིན་ གཞུང་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནིའི་ དམིགས་གཏད་བསྐྱེད་མི་དེ་ལུ་ ལས་འཛིན་གྱིས་ ནང་འཁོད་གནམ་གྲུའི་ འཕུར་འགྲུལ་ཞབས་ཏོག་ བྱིན་ཐོག་ལས་ གཞུང་དང་མི་སེར་ལུ་ རྒྱབ་སྐྱོར་འབད་ནིའི་ སྤྲོ་བ་སྦོམ་ཡོད་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ད་ལས་ཕར་ བདུན་ཕྲག་༡ ནང་ གནམ་གྲུའི་ཞབས་ཏོག་ ཐེངས་༣ བྱིན་ནི་ཨིནམ་ད་ དེ་ཡང་ རེས་གཟའ་ལྷག་པ་དང་ པ་སངས་ དེ་ལས་ རེས་གཟའ་ཟླ་བ་ལུ་ཨིནམ་ད་ ལས་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ གནམ་གྲུ་དེ་ མང་ཤོས་ཅིག་ དྲོ་པ་འཕུར་འགྲུལ་འབད་ནི་ཨིན་མི་དེ་ཡང་ རླུང་མ་གིས་ འཕུར་འགྲུལ་ལུ་ བར་ཆད་མི་རྐྱབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་འཛིན་གྱིས་ གནམ་གྲུའི་ཞབས་ཏོག་ འགོ་བཙུགས་མི་དང་འབྲེལ་ འབྲུག་མི་དང་ སཱག་ལུང་ཕྱོགས་རྒྱལ་ཁབ་༨ ཀྱི་ མི་ཚུ་ལུ་ གླ་ཆ་ཡང་ དུམ་གྲ་ཅིག་ མར་ཕབ་ཐོག་ལས་ བྱིན་ནི་ཨིནམ་ད་ དེ་ཡང་ སྤ་རོ་ལས་ དགེ་ལེགས་ཕུག་དང་ དགེ་ལེགས་ཕུག་ལས་ སྤ་རོ་གང་རུང་ཅིག་ལུ་ འཕུར་འགྲུལ་འབད་བའི་སྐབས་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༣,༥༧༠ རེ་ ལེན་ནི་ཨིནམ་ད་ བསྐོར་ཐེངས་༡ འབད་བ་ཅིན་ དངུལ་ཀྲམ་༦,༢༥༠ ཕོག་ནི་ཨིན་པས།
དེ་བཟུམ་སྦེ་ སྤ་རོ་ལས་ ཡོན་ཕུ་ལ་ཚུན་དང་ ཡང་ཅིན་ ཡོན་ཕུ་ལ་ལས་ སྤ་རོ་ལུ་ འཕུར་བའི་སྐབས་ དངུལ་ཀྲམ་༤,༠༨༠ གནས་ནི་ཨིན་རུང་ བསྐོར་ཐེངས་༡ ལུ་ དངུལ་ཀྲམ་༧,༡༤༠ ཨིནམ་ད་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ དགེ་ལེགས་ཕུག་ལུ་ འཕུར་འགྲུལ་འབད་བ་ཅིན་ དངུལ་ཀྲམ་༣,༥༧༠ ཨིན་རུང་ བསྐོར་ཐེངས་༡ ལུ་ དངུལ་ཀྲམ་༦,༢༥༠ ཨིན་པས།
དེ་ལས་ རྒྱལ་སྤྱིའི་མི་ཁུངས་ཨིན་པ་ཅིན་ སྤ་རོ་ལས་ དགེ་ལེགས་ཕུག་དང་ ཡང་ཅིན་ དགེ་ལེགས་ཕུག་ལས་ སྤ་རོ་ཚུན་ ཡུ་ཨེསི་ཌོ་ལར་༡༤༥ དང་ བསྐོར་ཐེངས་༡ ལུ་ ཌོ་ལར་༢༢༥ ཨིནམ་ད་ སྤ་རོ་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ སྤ་རོ་གང་རུང་ཅིག་ལུ་ ཌོ་ལར་༡༦༥ དང་ བསྐོར་ཐེངས་༡ ལུ་ ཌོ་ལར་༢༩༠ དེ་ལས་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ དགེ་ལེགས་ཕུག་གང་རུང་ཅིག་ལུ་ ཌོ་ལར་༡༤༥ དང་ བསྐོར་ཐེངས་༡ ལུ་འབད་བ་ཅིན་ ཌོ་ལར་༢༢༥ སྤྲོད་དགོ་ནི་ཨིན་པས།
དེ་ལས་ ནང་འཁོད་ཀྱི་ སློབ་ཕྲུག་ཚུ་ལུ་འབད་བ་ཅིན་ སྤ་རོ་ལས་ དགེ་ལེགས་ཕུག་དང་ དགེ་ལེགས་ཕུག་ལས་ སྤ་རོ་གང་རུང་ཅིག་ལུ་ དངུལ་ཀྲམ་༢,༥༢༠ དང་ བསྐོར་ཐེངས་༡ ལུ་ དངུལ་ཀྲམ་༤,༤༡༠ ཨིནམ་ད་ སྤ་རོ་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ སྤ་རོ་ལུ་གང་རུང་ཅིག་ལུ་ དངུལ་ཀྲམ་༢,༨༨༠ དང་ བསྐོར་ཐེངས་༡ ལུ་ དངུལ་ཀྲམ་༥,༠༤༠ གནས་ནི་ཨིན་པས།
དེ་ལས་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ དགེ་ལེགས་ཕུག་ གང་རུང་ཅིག་ལུ་ དངུལ་ཀྲམ་༢,༥༢༠ དང་ བསྐོར་ཐེངས་༡ ལུ་ དངུལ་ཀྲམ་༤,༤༡༠ སྤྲོད་དགོཔ་ཨིན་པས།
རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་འབད་བ་ཅིན་ སྤ་རོ་ལས་ དགེ་ལེགས་ཕུག་དང་ དགེ་ལེགས་ཕུག་ལས་ སྤ་རོ་གང་རུང་ཅིག་ལུ་ གླ་ཆ་ཡུ་ཨེསི་ཌོ་ལར་༡༠༠ དང་ བསྐོར་ཐེངས་༡ ལུ་ ཌོ་ལར་༡༨༠ ཨིནམ་ད་ སྤ་རོ་ལས་ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་ སྤ་རོ་གང་རུང་ཅིག་ལུ་ ཌོ་ལར་༡༢༠ དང་ བསྐོར་ཐེངས་༡ ལུ་ ཌོ་ལར་༢༠༥ དེ་ལས་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་དང་ ཡོན་ཕུ་ལ་ལས་དགེ་ལེགས་ཕུག་གང་རུང་ཅིག་ལུ་ ཌོ་ལར་༡༠༠ དང་ བསྐོར་ཐེངས་༡ ལུ་ ཌོ་ལར་༡༨༠ ཨིན་པས།
དེ་བཟུམ་གྱི་ གླ་ཆ་མར་ཕབ་ཀྱི་ཞབས་ཏོག་དེ་ སྤྱི་ལོ་༢༠༡༨ ཟླ་༢ པའི་ཚེས་༢༨ ཚུན་ བྱིན་ནི་ཨིནམ་ད་ དེའི་ཤུལ་ལས་ གླ་ཆ་དེ་ ཚད་གཞི་ཅིག་ལུ་ གཏན་འཁེལ་སྦེ་ གནས་ནི་ཨིན་རུང་ ཁྱད་པར་སྦོམ་མེད་མི་དེ་ དངུལ་ཀྲམ་༢༠༠ ལས་༡,༠༠༠ ལྷགཔ་ཅིག་ ཡར་སེང་འགྱོ་ནི་ཨིན་པས།
སྤ་རོ་ལས་ དགེ་ལེགས་ཕུག་ཚུན་ འཕུར་འགྲུལ་གྱི་དུས་ཚོད་དེ་ སྐར་མ་༣༠ དེ་ཅིག་ཨིནམ་ད་ དགེ་ལེགས་ཕུག་ལས་ ཡོན་ཕུ་ལ་ཚུན་ ད་རུང་ སྐར་མ་༣༠ དེ་ཅིག་གི་རིང་ཨིནམ་ལས་ ནང་འཁོད་གནམ་གྲུ་དེ་གིས་ ནུབ་ཕྱོགས་ལས་འགྱོ་མི་དེ་གིས་ ལྷོ་ཕྱོགས་བརྒྱུད་དེ་ ཤར་ཕྱོགས་ལུ་ ཆུ་ཚོད་༡ གི་ ནང་འཁོད་ལུ་ ལྷོད་ཚུགས་ནི་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནམ་གྲུའི་ཞབས་ཏོག་དེ་ ཤུལ་མའི་ ཟླཝ་ནང་ལས་ འགོ་བཙུགས་ནི་ཨིན་ཟེར་མི་དེ་གིས་ མི་མང་ཤོས་ཅིག་ སེམས་དགའ་མི་དེ་ཡང་ ད་ཚུན་ ནུབ་ཕྱོགས་ལས་ཤར་ཕྱོགས་ལུ་ སྣུམ་འཁོར་ཐོག་ལས་ རྒྱུན་འགྲུལ་འབད་བའི་སྐབས་ ཉུང་ཤོས་ཉིནམ་༣ འགོར་མི་དེ་ ད་ལས་ཕར་ ཆུ་ཚོད་༡ གི་ནང་འཁོད་ལུ་ ལྷོད་ཚུགས་ནི་དེ་གིས་ཨིན་པས།
དེའི་ནང་དོན་ཉིད་ལས་ ལྟ་བཤལ་གྱི་ཚོང་ལཱ་འབད་མི་དང་ སློབ་ཕྲུག་ཚུ་ སེམས་དགའ་མི་དེ་ཡང་ ནང་འཁོད་གནམ་གྲུའི་ཞབས་ཏོག་ལུ་བརྟེན་ ལྟ་བཤལཔ་ཚུ་ ཤར་ཕྱོགས་རྫོང་ཁག་ནང་ ལྷོད་ཚུགས་ནི་ཨིནམ་མ་ཚད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ཨ་ལོ་ཚུ་ཡང་ དུས་ཡུན་ཐུང་ཀུ་ཅིག་ནང་ རྒྱུན་འགྲུལ་འཐབ་ཚུགས་པའི་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ནང་འཁོད་གནམ་གྲུའི་ཞབས་ཏོག་ བྱིན་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ གཞུང་གིས་ རྒྱབ་སྐྱོར་འབད་ནི་དེ་གིས་ཨིནམ་ད་ དེ་ཡང་ སྤ་རོ་ལས་ དགེ་ལེགས་ཕུག་བརྒྱུད་དེ་ ཡོན་ཕུ་ལ་དང་ བསྐོར་ཐེངས་རེ་ལུ་ གཞུང་གིས་ དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་གི་ཞབས་ཏོག་ མར་ཁུའི་འཐུས་དང་ གནམ་གྲུ་ཉམས་བཅོས་ཀྱི་འཐུས་ཚུ་ བྱིན་ནི་ཨིནམ་མ་ཚད་ གཞི་རྟེན་མཁོ་ཆས་ དོ་སྐྱེལ་མི་འཕྲུལ་ཆས་དང་ ཅ་ལ་བཞག་སའི་ཞབས་ཏོག་ཚུ་ གཞི་བཙུགས་འབད་དེ་ བྱིན་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *