ཉོ་མི་ཚུ་གིས་འབད་བ་ཅིན་ ནང་འཁོད་སྐུདཔ་ཚུ་གི་ གོང་ཚད་མཐོ་དྲགས་པས་ཟེར་ཨིན་པས།

ནང་འཁོད་ཀྱི་ སྐུདཔ་བཙོང་མི་དང་ ཉོ་མིའི་བར་ན་ ལྷན་ཐབས་འབད་ནི།

༉ རྒྱལ་ཁབ་ནང་ སྐུདཔ་གི་རིགས་ ལེ་ཤ་ཅིག་ར་ ཐོན་སྐྱེད་འབད་རུང་ སྐུདཔ་བཙོང་མི་དང་ ཉོ་མིའི་བར་ན་ མཉམ་འབྲེལ་མེདཔ་ལས་ མཁོ་འདོད་དང་འཁྲིལ་ཏེ་ སྐུདཔ༌དེ༌ཅིག༌ར༌ ཐོན་སྐྱེད་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ ཉོ་བཙོང་འབད་མིའི་བར་ན་ འབྲེལ་མཐུན་བཟོ་ནིའི་དོན་ལུ་ ཐིམ་ཕུག་ལུ་ ཉིན་གྲངས་༢ ཀྱི་རིང་ ཞལ་འཛོམས་འཚོགས་པའི་སྐབས་ སྐུདཔ་བཙོང་མི་ཚུ་གིས་ བཤད་ཅི།
ཁ་ཙ་ མཇུག་བསྡུ་མི་ ཞལ་འཛོམས་ནང་ ཐག་རིང་གི་ས་གནས་ བཀྲིས་སྒང་མེ་རག་ལས་ ལུག་གི་བལ་དང་ གཡག་སྤུ་གིས་ སྐུདཔ་བཟོ་མི་དང་ པདྨ་དགའ་ཚལ་གྱི་ ཀ་བལ་སྐུདཔ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ ཤིང་མཁར་ལའུ་རི་གི་ ཟྭ་ཆག་གཡུས་སྐུད་ཀྱིས་ སྐུདཔ་བཟོ་མི་ཚུ་ སྐུདཔ༌ཉོ་མི་ཚུ་དང་ འབྲེལ་མཐུན་བཟོ་ནིའི་དོན་ལས་ ཐིམ་ཕུག་ལུ་ལྷོད་ནུག།
འབྲུག་བཟོ་ཡར་སྐྱེད་ལས་ཚབ་ཀྱི་ བཀོད་ཁྱབ་གཙོ་འཛིན་ བླམ་ཀུན་བཟང་ཆོས་འཕེལ་གྱིས་ ཞལ་འཛོམས་དེ་ཡང་ ནང་འཁོད་ཀྱི་ སྐུདཔ་བཙོང་མི་དང་ ཉོ་མིའི་བར་ནང་ མཉམ་འབྲེལ་བཟོ་ནི་དང་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་བཤད་ཅི།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཞལ་འཛོམས་ཐོག་ལས་ སྐུདཔ་བཙོང་མི་དང་ ཉོ་མི་ཚུ་གིས་ སྐུདཔ་གི་ཚོང་ལམ་དང་ སྤུས་ཚད་ གོང་ཚད་བཀོད་ཐངས་ཚུ་ བརྗེ་སོར་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
པདྨ་དགའ་ཚལ་སྐམ་ཐང་མ་ ཀ་བལ་སྡེ་ཚན་གྱི་གཙོ་འཛིན་ ཚེ་རིང་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ཀ་བལ་གྱིས་ སྐུདཔ་བཟོ་ནིའི་ ལམ་ལུགས་དེ་ དང་ཕུ་ལས་ར་ ཡོདཔ་བཞིན་དུ་ ཀ་བལ་ཚུ་ཡང་ མཁོ་འདོད་བཀོད་མི་དང་ རང་ལག་ལེན་འཐབ་ནི་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་ ཐོན་སྐྱེད་མ་འབད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལྕོང་ཤིང་རྒེད་འོག་ནང་ སོ་ནམ་པ་ཚུ་གིས་ འོང་འབབ་བཟོ་ནི་གི་ ལཱ་ཟེར་རུང་ སྐུདཔ་རྐྱངམ་གཅིག་ཨིནམ་ལས་ ཞལ་འཛོམས་དེ་ལུ་བརྟེན་ ད་ལས་ཕར་ སྐུདཔ་ཚོང་འབྲེལ་འཐབ་ནི་གི་ ཐོན་སྐྱེད་འབད་ནི་ལུ་ སྤྲོ་བ་དང་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ལྕོང་ཤིང་གི་ ཀ་བལ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡,༥༠༠ རེ་སྦེ་ བཙོང་དོ་ཡོདཔ་ད་ སྡེ་ཚན་ནང་ འཐུས་མི་༢༠ དེ་ཅིག་ཡོདཔ་ཨིན་པས།
མེ་རག་ལས་ སྐྱེས་ལོ་༣༩ ལང་མི་ ཉི་མ་གིས་འབད་བ་ཅིན་ ནང་འཁོད་ལས་ སྐུདཔ་ཚུ་ལུ་ མཁོ་འདོད་བཀོད་མིའི་སྐོར་ ཧ་མ་གོཝ་ལས་ ཚོང་འབྲེལ་གྱི་དོན་ལུ་ ཐོན་སྐྱེད་མ་འབད་ཟེར་ཨིན་པས།
སྐུདཔ་ཚུ་ལུ་ མཁོ་འདོད་བཀོད་མི་ཡོད་པ་ཅིན་ ཁོ་ལུ་ར་ རྩྭ་འབྲོག་ཨེ་ཀར་༣༠ དེ་ཅིག་ཡོད་མིའི་ནང་ ལུག་གསོ་སྐྱོང་འབད་དེ་ སྐུདཔ་ཐོན་སྐྱེད་འབད་ཚུགས་ནི་དང་ གཡུས་སྒོ་ཚུ་ནང་ ལཱ་མེད་པར་སྡོད་མི་ ན་གཞོན་ཚུ་ལུ་ཡང་ ལཱ་གཡོག་སྤྲོད་ཚུགས་ནི་མས་ཟེར་ མེ་རག་གི་ བུ་ཆུང་སྐལ་བ་བཟང་པོའི་ ཨམ་སྲུ་སྡེ་ཚན་གྱི་གཙོ་འཛིན་ ཉི་མ་གིས་ བཤད་ཅི།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ སྐུདཔ་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་བ་ཅིན་ རང་ལུགས་ཀྱི་ སྐུགཔ་བཟོ་སྲོལ་ཡོད་མི་ཚུ་ ཉམས་སྲུང་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
གོ་བསྡུར་ཞལ་འཛོམས་ནང་ སྐུདཔ་གི་སྤུས་ཚད་དང་ གོང་ཚད་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ སྐུདཔ་ཉོ་མི་ཚུ་གིས་འབད་བ་ཅིན་ ནང་འཁོད་སྐུདཔ་ཚུ་གི་ གོང་ཚད་དེ་ མཐོ་དྲགས་པས་ཟེར་ཨིན་པས།
འབྲུག་གཡང་ཁྲ་ལས་ བཀྲིས་མཚོ་མོ་གིས་ ནང་འཁོད་སྐུདཔ་དང་ ནང་འདྲེན་འབད་མིའི་ གོང་ཚད་ཀྱི་ ཁྱད་པར་ལེ་ཤ་འདུག་ཟེར་ བཤད་པའི་ཁར་ སྐུདཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ༡,༨༠༠ སྤྲོད་དེ་ ནང་འདྲེན་འབད་ཐོག་ལས་ ཡ་ཁྲའི་ཐོན་སྐྱེད་འབད་དོ་ཡོདཔ་ལས་ ནང་འཁོད་སྐུདཔ་དེ་ དངུལ་ཀྲམ་༤,༠༠༠ དེ་རེ་ སླབ་མས་ཟེར་ཨིན་པས།
ཞལ་འཛོམས་ལུ་བརྟེན་ཏེ་ ད་ལས་ཕར་ སྐུདཔ་ཉོ་མི་དང་ བཙོང་མི་ཚུ་གི་བར་ན་ མཉམ་འབྲེལ་ལེགས་ཤོམ་བཟོ་ཐོག་ལས་ ཚོང་འབྲེལ་གྱི་ གདོང་ལེན་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ སང་ཕོད་སྤྱི་ཟླ་དང་པའི་ནང་ པེ་རེསི་ལུ་ འགྲེམས་སྟོན་འབད་ནི་ ལས་འཆར་ཡོདཔ་ལས་ རྒྱུ་ཆས་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་སྡེའི་བཀོད་ཁྱབ་གཙོ་འཛིན་གྱིས་ རྒྱལ་ཁབ་ནང་ རང་ལུགས་ཀྱི་ རྒྱུ་ཆས་གངམ་མེད་པའི་ཁར་ གོ་ལ་དེ་ མི་ལོ་༩༠༠ གི་ཧེ་མར་ ཐིམ་ཕུག་ཝང་དྭངས་ལོག་ལས་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱིས་ ཟྭ་ཆག་གིས་ གཡུས་ར་འཐག་འཐག་ནི་ འགོ་བཙུགས་མི་ལས་ཚུར་ དར་ཁྱབ་སོང་ནུག་ཟེར་ བཤདཔ་ཨིན་པས།
མི་ལོ་༥༠༠ གི་རྒྱབ་ལས་ ད་རུང་ སྤ་རོ་ལས་ མཁའ་འགྲོ་གསང་མོ་ཅིག་བྱོན་ཏེ་ སྐུདཔ་ཚོང་རྐྱབ་ནི་ འགོ་བཙུགས་པའི་ ལཱ་ཤུལ་དེ་ འབྲུག་པའི་ཨམ་སྲུ་ཚུ་གིས་ བདག་འཛིན་འཐབ་སྟེ་ཡོད་ཟེར་ ཁོ་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *