ནང་འཁོད་ཀྱི་ བཟོ་སྐྲུན་ཅ་ཆས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཚོང་ལམ་ལེགས་ཤོམ་མེད་ པའི་དཀའ་ངལ།

༉ རྒྱལ་ཁབ་ནང་ བཟོ་སྐྲུན་དེ་ ལས་སྡེ་སྦོམ་ཤོས་ཅིག་ཨིན་རུང་ ནང་འཁོད་ལས་ ཐོན་སྐྱེད་འབད་ཡོད་པའི་ བཟོ་སྐྲུན་ཅ་ཆས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ལང་བྱུང་སྟེ་འདུག།
འདས་པའི་གཞུང་གིས་ ནང་འདྲེན་མར་ཕབ་དང་ ལཱ་གཡོག་གོ་སྐབས་བཟོ་ཐབས་ལུ་ གཞུང་གི་ལས་སྡེ་ཚུ་གིས་ ནང་འཁོད་ལས་ ཐོན་སྐྱེད་འབད་མིའི་ ཅ་ཆས་ཚུ་ བཟོ་སྐྲུན་ནང་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་ཐེངས་༥ དེ་རེ་གནང་སྟེ་འབད་རུང་ ཚོང་འབྲེལ་འཐབ་ནི་ལུ་ གདོང་ལེན་བྱུང་བཞིན་དུ་ར་འདུག།
དེ་འབདཝ་ལས་ ད་རེས་ བཟོ་གྲྭ་ཁང་ལ་ལོ་ཅིག་ གོ་བསྡམས་དགོཔ་བྱུང་བའི་ཁར་ ལ་ལོ་ཅིག་ ཚོང་འབྲེལ་རྒྱ་ཆེ་དྲག་སྦེ་ར་ མར་བབས་སོང་ནུག།
དགེ་ལེགས་ཕུལ་ལུ་ཡོད་པའི་ ཀུན་དགའ་ཆོས་གླིང་ ས་པག་ཅུང་ བཟོ་གྲྭ་ཁང་གི་ཇོ་བདག་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཚོང་འབྲེལ་སྒོ་བསྡམས་ཏེ་ ལོ་ཕྱེད་དང་༢ དེ་ཅིག་ ལང་དོ་ཡོདཔ་ད་ བཟོ་གྲྭ་ཁང་དེ་ སྤྱི་ལོ་༢༠༡༣ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གི་ལས་སྡེ་ཚུ་གིས་ འཕྲལ་འཕྲལ་མཁོ་མངགས་འབད་མི་ཚུ་མ་གཏོགས་ ཚོང་འབྲེལ་འཐབ་སའི་ས་གོ་གཞན་ མིན་འདུག་ཟེར་ཨིན་པས།
བུམ་ཐང་ ལྕགས་ཀྱི་དྲྭ་མིག་ ཚོང་འབྲེལ་ཁང་གི་ཇོ་བདག་ པདྨ་དབང་ཕྱུག་གིས་ ཅ་ཆས་ཉོ་མི་མེད་མི་ལུ་བརྟེན་ ཚོང་འབྲེལ་སྒོ་བསྡམས་ཏེ ད་རེས་འབདཝ་ད་ ཟླཝ་༨ དེ་ཅིག ལང་པའི་ཁར་ ཁོ་གིས་འབད་བ་ཅིན་ ཅ་ཆས་ཚུ་ གཞན་དང་ཕྱདཔ་ད་ སྤུས་ཚད་ཡོད་རུང་ གཞུང་གི་ལས་སྡེ་ཚུ་གིས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ གདམ་ཁ་རྐྱབ་སྟེ་ ལེན་མི་བཏུབ་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གི་འགོ་དཔོན་དང་ ཅ་ཆས་བཀྲམ་སྤེལ་བ་ཚུ་ ནང་མཐུན་འབད་དེ་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ ཉོ་མི་བཏུབ་པས་ཟེར་ཨིནམ་ད་ པདྨ་དབང་ཕྱུག་གིས་ སྤྱི་ལོ་༢༠༠༩ ལུ་ ལམ་སེལ་ལས་ཁུངས་དང་ རྩོད་གཞི་ཕྱེས་ཏེ་ རྒྱལ་ཁ་ཐོབ་པའི་སྐོར་ལས་ཡང་ བཤད་ནི་འདུག་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་ གེ་བཱོན་ལྕགས་སྐུད་ཚུ་ གོང་ཚད་ཉུང་སུ་ཡོད་རུང་ ལམ་སེལ་ལས་ཁུངས་ཀྱིས་ གོང་ཚད་མཐོ་དྲག་ཡོད་པའི་ བཀྲམ་སྤེལ་བ་ཚུ་ལས་ར་ མཁོ་སྒྲུབ་འབད་དོ་ཡོདཔ་ལས་ ཁོ་གི་ཅ་ཆས་ཚུ་ འབྲུག་གནས་ཚད་ལས་ཁུངས་ཀྱིས་ ངོ་སྦྱོར་འབད་དེ་ཡོདཔ་ལས་ ནང་འདྲེན་འབད་མི་བ་ ཁོ་གི་ཅ་ཆས་ཚུ་ སྤུས་ཚད་ལེགས་ཤོམ་ཡོད་ཟེར་ཨིན་པས།
ཀྲོང་གསར་ལུ་ཡོད་པའི་ ས་པག་ཅུང་བཟོ་གྲྭ་ཁང་གི་ནུ་གཅུང་ མཐར་ཕྱིན་གྱིས་ སླབ་མིའི་ནང་ ཅ་ཆས་ཐོན་སྐྱེད་མཚམས་འཇོག་འབད་དགོ་མི་དེ་ཡང་ ཅ་ཆས་ཉོ་མི་ཚུ་གིས་ མཉམ་འབྲེལ་འབད་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ནང་འཁོད་ཅ་ཆས་མཁོ་སྒྲུབ་འབད་མི་ ཚོང་མགྲོན་པ་གཙོ་བོ་ཅིག་ རྫོང་ཁག་དང་ གཞུང་གི་ལས་སྡེ་ཚུ་ འོང་དགོ་ནི་ཨིན་རུང་ གལ་སྲིད་ གཞུང་གི་བཟོ་སྐྲུན་པ་ཚུ་གིས་ ནང་འདྲེན་ལུ་ གདམ་ཁ་རྐྱབ་པ་ཅིན་ ནང་འཁོད་ཐོན་སྐྱེད་འབད་མི་ཚུ་ལུ་ ཚོང་ལམ་མེད་པའི་ཁར་ མི་སེར་གཞན་ཚུ་གིས་འབད་རུང་ ནང་འཁོད་ཀྱི་ ཐོན་སྐྱེད་ལུ་ དོགས་པ་ཆགས་ཏེ་ ཁོང་གིས་ཡང་ ལག་ལེན་འཐབ་མི་བཏུབ་ཟེར་ཨིན་པས།
བཟོ་གྲྭ་ཁང་གི་ ཇོ་བདག་ཅིག་གིས་ ཀྲོང་གསར་ལུ་ གསང་སྤྱོད་རྐྱབ་ནིའི་ ཁག་འབགཔ་གི་ ལཱ་ཐོབ་ཡོདཔ་བཞིན་དུ་ ས་པག་ཅུང་ཚུ་ དབང་འདུས་ཕོ་བྲང་ལས་ མཁོ་སྒྲུབ་འབད་མི་དེ་ཡང་ རིན་བསྡུར་གྱི་ བི་ཨོ་ཀིའུ་ལུ་ ནང་འཁོད་ཅ་ཆས་ཚུ་ ཐོ་བཀོད་མ་འབད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ མཐར་ཕྱིན་གྱིས་ སླབ་མིའི་ནང་ དམིགས་བསལ་དུ་ གྲོང་གསེབ་ཚུ་ནང་ ཅ་ཆས་ཚུ་ ཐོ་བཀོད་འབད་ནི་དེ་ རྫོང་ཁག་བཟོ་རིག་འགོ་དཔོན་གྱི་ འགན་ཁུར་ཨིན་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥ ལུ་ ནང་འཁོད་ཅ་ཆས་ཀྱི་ བཀའ་རྒྱ་གནང་མི་དང་བསྟུན་ གཞུང་གིས་ཡང་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ དབྱངས་འབྱུང་བསོད་ནམས་ས་པག་ཅུང་དང་ ལྕགས་བཟོ་ཚོང་འབྲེལ་ཇོ་བདག་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་ཚོང་འབྲེལ་དེ་ སྤྱི་ལོ་༢༠༡༨ ལས་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༢ ལས་ གཞི་བཙུགས་འབད་མི་ བཟོ་གྲྭ་ཁང་དེ་ སྤྱི་ལོ་༢༠༡༤ ཚུན་ ཚོང་འབྲེལ་ལེགས་ཤོམ་ སོང་ཡོད་རུང་ ད་ལྟོ་ ཚོང་ལམ་མེད་མི་ལུ་བརྟེན་ ཅ་ཆས་ཚུ་ བཟོ་གྲྭའི་ས་ཁོངས་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
བཟོ་སྐྲུན་ཁང་ མང་ཤོས་ཅིག་གིས་ ནང་འདྲེན་གྱི་ཅ་ཆས་ཚུ་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ འབྲུག་གི་དངུལ་ཁང་གི་ སྒྲིང་ཁྱིམ་དང་ ཐིམ་ཕུག་བརྡ་དོན་གླིང་ག་ དགེ་ལེགས་ཕུག་གི་ འབྲུག་འགྲེམ་སྒྲིང་ཁྱིམ་ཚུ་ ནང་འདྲེན་ཅ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ རྐྱབ་དོ་ཡོདཔ་ཨིན་པས།
ནང་འཁོད་ཀྱི་ ཅ་ཆས་ཐོན་སྐྱེད་འབད་མི་ཚུ་གིས་ བཤད་མིའི་ནང་ འཁོར་ལམ་བཟོ་སྐྲུན་འབད་མི་ཚུ་གིས་ ནང་འདྲེན་འཐབ་ཡོད་པའི་ ལྕགས་སྐུད་ཚུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
གཞུང་གིས་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོདཔ་ད་ བསྟན་རྒྱས་བློན་པོ་ ལོག་ནཐ་ཤར་མ་གིས་ བཤད་མིའི་ནང་ ཟླཝ་དག་པ་ཅིག་གི་ནང་འཁོད་ལུ་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ རྒྱབ་སྐྱོར་ བྱིན་ཐབས་ལུ་ ཐབས་ཤེས་ཚུ་ བཏོན་ནི་ཨིན་པའི་ཁར་ གཞུང་གིས་ སེམས་ཤུགས་འཐུས་དང་ མཁོ་སྒྲུབ་བཅའ་ཁྲིམས་ཚུ་ འཕྲི་སྣོན་འབད་ནི་ལུ་ འོས་འབབ་ཚུ་ བལྟ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲལ་གྱི་སྲིད་བྱུས་དང་ མཁོ་སྒྲུབ་བཅའ་ཡིག་ཚུ་ བསྒྱུར་བཅོས་འབད་ཞིནམ་ལས་ དེ་གིས་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ བྱུང་ཚུགས་ཟེར་ཨིནམ་ད་ མཁོ་སྒྲུབ་ཀྱི་ བཅའ་ཡིག་ནང་ ལས་སྡེ་ཚུ་གིས་ གོང་ཚད་ཉུང་ཤོས་ཡོད་མི་ལས་ ཅ་ཆས་མཁོ་སྒྲུབ་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་ལས་ དེ་གིས་ ཁྱད་པར་བཟོ་འོང་ཟེར་ཨིན་པས།
ནང་འཁོད་དང་ཕྱདཔ་ད་ ནང་འདྲེན་གྱི་ བཟོ་སྐྲུན་ཅ་ཆས་ཀྱི་ གོང་ཚད་ཉུང་སུ་ཡོདཔ་བཞིན་དུ་ ལས་མི་ཚུ་ལུ་ ཟད་འགྲོ་མངམ་ བྱིན་དགོཔ་ལས་ གོང་ཚད་མར་ཕབ་འབད་མི་བཏུབ་ཨིན་པས།
བསྟན་རྒྱས་བློན་པོ་གིས་ འབད་བ་ཅིན་ ང་བཅས་ཀྱིས་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ རྒྱབ་སྐྱོར་བྱིན་ནི་ལུ་ རྩ་འགེངས་ཡོདཔ་བཞིན་དུ་ གཞུང་གིས་འབད་རུང་ བཟོ་གྲྭ་ཁང་ཚུ་ལུ་ རྒྱབ་སྐྱོར་བྱིན་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཞབས་ཏོག་ལྷན་ཁག་གིས་ ཡིག་ཚང་བཀའ་རྒྱ་ གནང་མི་དང་འཁྲིལཝ་ད་ གཞུང་གི་ལས་སྡེ་ཚུ་གིས་ ལྕགས་སྐུད་ཚུ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་ ལག་ལེན་འཐབ་དགོཔ་སྦེ བཀོད་ཡོདཔ་ཨིན་པས།
བཟོ་སྐྲུན་འབད་མི་ཚུ་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གལ་སྲིད་ ནང་འདྲེན་འཐབ་ཡོད་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ར་ སྡོད་པ་ཅིན་ ཁོང་གི་ཚོང་འབྲེལ་ཚུ་ ཡུན་བརྟན་སྦེ་ གནས་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཁོང་གིས་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཅ་ཆས་ལག་ལེན་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཟེར་ཨིན་རུང་ ཐོན་སྐྱེད་འབད་མི་ཚུ་གིས་ རྒྱུན་བརྟན་སྦེ་ བཀྲམ་སྤེལ་འབད་ནི་མེདཔ་ལས་ ལས་འགུལ་ཚུ་ མཚམས་འཇོག་འབད་དགོཔ་ བྱུངམ་མས་ཟེར་ཨིན་པས།
སྤ་རོ་གི་ ས་པག་ཅུང་བཟོ་སྐྲུན་ འབད་མི་ཅིག་གིས་ སླབ་མིའི་ནང་ རྒྱ་གར་དང་ཕྱདཔ་ད་ ཁོ་གི་ ཐོན་སྐྱེད་ཀྱི་ གོང་ཚད་དེ་ ཉུང་སུ་སྦེ་ཡོད་ཟེར་ཨིནམ་ད་ མང་ཤོས་ཅིག་གིས་ འབད་བ་ཅིན་ གཞུང་གིས་ བཀོད་ཁྱབ་བཀའ་རྒྱ་ གནང་པའི་ཤུལ་ལས་ དངུལ་འབྲེལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཏེ་ བཟོ་གྲྭ་ཁང་ཚུ་ གཞི་བཙུགས་འབད་ཡོདཔ་ལས་ ནང་འཁོད་ཐོན་སྐྱེད་ཚུ་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ བསྟན་རྒྱས་བློན་པོ་བགྲེསཔ་ ནོར་བུ་དབང་ཕྱུག་གིས་ མཁོ་སྒྲུབ་ལས་སྡེ་དང་ གཞུང་གི་ལས་སྡེ་ ལས་འཛིན་ དེ་ལས་ གློག་མེ་དབང་འཛིན་ཚུ་གིས་ ལྕགས་སྐུད་ཚུ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་ མཁོ་སྒྲུབ་འབད་དེ་ ལག་ལེན་འཐབ་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *