ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཐོ་བཀོད་ལག་ཁྱེར་ལེན་ཏེ་ འགོ་བཙུགས་ཆོག་ནི།

༉ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ ལམ་ལུགས་ནང་ ཆ་ཤས་བསྐྱར་གསོ་འབད་མི་དང་འཁྲིལཝ་ད་ ད་ལས་ཕར་ ཆོག་ཐམ་ལེན་འདོད་ཡོད་མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ཞིནམ་ལས་ ཐོ་བཀོད་ལག་ཁྱེར་ལེན་ཏེ་ ཚོང་ལཱ་ཚུ་ འགོ་བཙུགས་ཆོག་ནི་ཨིན་པས།

ཁ་ཙ་ གསལ་སྟོན་འབད་མི་ ལམ་སྟོན་གསརཔ་དང་འཁྲིལཝ་ད་ ད་ལས་ཕར་ ཚོང་འབྲེལ་ཆོག་ཐམ་གྱི་དོན་ལུ་ ཐོ་བཀོད་ཚུ་ཧེ་མ་བཟུམ་སྦེ་ ལས་སྡེ་ཁག་ཚུ་ནང་ ཡི་གུ་མ་འདྲཝ་ཚུ་ བཙུགས་མ་དགོ་པར་ འཇམ་ཏོང་ཏོ་བཟོ་ནིའི་ ཐབས་ལམ་ཅིག་ཨིན་པས།

ཧེ་མའི་ ལམ་ལུགས་དང་འཁྲིལཝ་ད་ གནང་བ་འཐོབ་ནི་ལུ་ དུས་ཚོད་འགོར་དོ་ཡོདཔ་ལས་ ཚོང་ལཱ་འགོ་བཙུགས་ནིའི་ དང་འདོད་ཡོད་མི་ཚུ་ ལཱ་འབད་ནི་ལས་ བར་བཀག་འབད་དེ་ལུས་ནུག་ཟེར་ཨིན་པས།

དེ་གིས་ ནང་བཟོ་དང་བཟོ་གྲྭ་ཆུང་བ་དེ་ ཡར་ཐོན་འབད་མ་ཚུགས་པར་ ལུས་ཡོདཔ་ད་ ལམ་ལུགས་གསརཔ་གིས་ ཧེ་མའི་ ལམ་ལུགས་ཀྱི་ཚབ་སྦེ་ ཐོ་བཀོད་ལག་ཁྱེར་སྤྲོད་དེ་ འཇམ་ཏོང་ཏོ་བཟོ་ཞིནམ་ལས་ ཚོང་ལཱ་འགོ་བཙུགས་ཆོག་ནི་དང་ ཚོང་ལཱ་དེ་ཡང་ ཡར་ཐོན་འབད་ཚུགས་པའི་ དམིགས་གཏད་ཨིན་པས།

བསྐྱར་བཟོ་གི་ ཁེ་ཕན་གཙོ་བོ་ཅིག་ ད་ལས་ཕར་ རང་སྡོད་སའི་ ཉེ་འདབས་ལུ་ཡོད་མི་ ལུང་ཕྱོགས་བསྟན་རྒྱས་ཡིག་ཚང་ལུ་ཡོངས་འབྲེལ་ཐོག་ལས་བཙུགས་ཏེ་ ལག་ཁྱེར་དེ་ དེ་འཕྲོ་ལས་ འཐོབ་ཚུགས་ནི་ཨིན་པས།

ལམ་ལུགས་དང་འཁྲིལཝ་ད་ ཆོག་ཐམ་ལག་ཁྱེར་ཐོབ་མི་གིས་ ཆོག་ཐམ་ནང་བཀོད་མི་ ལཱ་རིགས་ཚུ་ ས་ཁོངས་ཅིག་ནང་ འབད་ཆོག་ནི་ཨིན་རུང་ མི་ངོམ་དེ་གིས་ ས་ཁོངས་སོ་སོར་ནང་ ལཱ་ཅོག་འཐདཔ་སྦེ་ འགོ་བཙུགས་མི་ཆོག་ནི་ཨིན་པས།

ཐོ་བཀོད་ཆོག་ཐམ་དེ་ ལོ་༣ གྱི་དུས་ཡུན་ཨིནམ་ད་ ལག་ཁྱེར་འཆང་མི་ལུ་ ཁྲལ་རིགས་ཚུ་ཕོག་ནི་ཨིན་རུང་ ཐོ་བཀོད་དང་ བསྐྱར་གསོའི་འཐུས་ཚུ་ དགོངས་ཡངས་ཨིན་པས།

ཐོ་བཀོད་ལག་ཁྱེར་འཆང་མི་ཚུ་གིས་ ལོ་བསྟར་བཞིན་དུ་ ཚོང་ཁྲལ་བཏབ་དགོ་པའི་ཁར་ རིན་བསྡུར་གྱི་རིགས་ཚུ་ནང་ བཅའ་མར་གཏོགས་ཆོག་ནི་ དེ་ལས་ ནང་འདྲེན་འཐབ་ཆོག་པའི་ཁར་ ལག་ཁྱེར་དེ་ ཁྲིམས་མཐུན་གྱི་ཡིག་ཆ་འབདཝ་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ཡང་ ཁྱད་ཚད་ལྡནམ་ཨིན་པས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཧེ་མ་ལས་ ལག་ཁྱེར་འཆང་མི་ཚུ་གིས་ དུས་ཚོད་ མ་རྫོགས་པའི་ཧེ་མར་ ལམ་ལུགས་གསརཔ་ཐོག་ལས་ ཁྲལ་བཏབ་ཡོད་པའི་ ལག་ཁྱེར་དང་གཅིག་ཁར་ བསྒྱུར་བཅོས་འབད་དགོ་ཟེར་ཨིན་པས།

ད་ལས་ཕར་ ལམ་ལུགས་གསརཔ་དེ་ ནང་བཟོ་དང་བཟོ་གྲྭ་བར་མའི་ ལམ་སྟོན་ཟེར་ གོ་ནི་ཨིན་མི་དེ་ ཁ་ཙ་ སྤྱི་ཟླ་༥ པའི་ཚེས་༡༤ ལས་ བསྟར་སྤྱོད་འགོ་བཙུགས་ཡོདཔ་ཨིན་པས།

ཆོག་ཐམ་ལག་ཁྱེར་དེ་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ག་ར་གིས་ ལེན་ཆོག་ནི་ཨིནམ་ད་ ཚོང་ལཱ་དེ་ཡང་ རང་སོའི་དང་འདོད་དང་འཁྲིལ་བའི་ རྫོང་ཁག་ཚུ་ནང་ བཙུགས་ཆོག་ནི་ཨིན་པས།

ཐོ་བཀོད་ཀྱི་ལམ་ལུགས།

དངུལ་ཀྲམ་ས་ཡ་༡ འོག་རྒྱུ་གི་ བཟོ་གྲྭའི་ཚོང་ལཱ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་ཚུ་གིས www.citizenservices.gov.bt ཡང་ཅིན་ www.g2b.gov.bt ཐོག་ལས་ ཐོ་བཀོད་འབད་དགོ་ནི་དང་ དུས་མཐུན་གྱི་ ཁྲིམས་སྲུང་འགག་སྡེ་ལས་ ཉོགས་མེད་ལག་ཁྱེར་ དགོཔ་ཨིན་པས།

ཐོ་བཀོད་འབད་ཚར་བའི་ཤུལ་ལས་ ཡིག་ཚང་ནང་ མི་ངོམ་སྦེ་ འགྱོ་མ་དགོ་པར་ འདྲ་བཤུས་ཕབ་སྟེ་ པར་སྐྲུན་འབད་ཚུགས་ནི་དང་ ཐོ་བཀོད་འབད་ཚར་བའི་ཤུལ་ལས་ ཁྲལ་རིགས་ཀྱི་དོན་ལུ་ ཅ་དམ་དང་འོང་འབབ་ལས་ཁུངས་དང་ ཐོ་བཀོད་འབད་དགོ་ནི་ཨིན་པས།

ཐོ་བཀོད་ཆོག་ཐམ་འཆང་མི་ཚུ་གིས་ གཞན་ཁྲིམས་ལུགས་ཚུ་དང་འཁྲིལ་ཏེ་ གནས་དགོ་པའི་ཁར་ མི་གཞན་ལུ་ གླ་ཁར་སྤྲོད་མི་ཆོག་ནི་དང་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ དུས་ནམ་འབད་རུང་ དགོས་མཁོ་དང་འཁྲིལ་ཏེ་ ལྟ་རྟོག་འབད་བར་འོངམ་ད་ ངོས་ལེན་འབད་དགོ་ནི་ཨིན་པས།

ཚོང་ལཱ་དེ་ ལག་ཁྱེར་ཐོབ་སྟེ་ ཟླཝ་༦ གི་ཤུལ་ལས་ འགོ་བཙུགས་དགོ་ནི་དང་ ཚོང་ལཱ་གི་འོང་འབབ་དེ་ དངུལ་ཀྲམ་ས་ཡ་༡ ལས་ལྷག་པའི་ འོང་འབབ་བཟོ་ཚུགས་པ་ཅིན་ དབྱེ་ཞིབ་འབད་དེ་ བཟོ་གྲྭ་ཆུང་བ་དང་བར་ན་ ཡང་ན་ བཟོ་གྲྭ་ཆེ་བ་ལུ་ ཡར་ དྲག་བཟོ་ནིའི་ འོས་འབབ་ཚུ་བལྟ་ནི་ཨིན་པས།

ལམ་སྟོན་དང་མ་འཁྲིལ་བ་ཅིན་ འབྲེལ་ཡོད་ཁྲིམས་ཀྱི་ དོན་ཚན་ཚུ་དང་འཁྲིལ་ ངོས་ལེན་འབད་ནི་ཨིནམ་ད་ ལག་ཁྱེར་དེ་ བསྐྱར་གསོ་མ་འབད་བར་ ཟླཝ་༦ ལས་ལྷག་སྟེ་འགྱོ་བ་ཅིན་ ཆ་མེད་འགྱོ་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *