ནང་བཟོ་དང་བཟོ་གྲྭ་ཆུང་བའི་ནང་ འཕྲུལ་རིག་ཚུ་ ལག་ལེན་འཐབ་དགོཔ།

༉ འབྲུག་གི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ནང་ རྒྱལ་སྤྱིའི་ལས་སྡེ་ཁག་ཚུ་བཟུམ་སྦེ་ འཕྲུལ་རིག་ཚུ་ ལག་ལེན་འཐབ་སྟེ་མེདཔ་ལས་ ཚོང་འབྲེལ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ཨིན་པས།

ཉེན་ཁ་ཚུ་གི་གྲས་ལས་ གཙོ་བོ་ར་ སོ་ནམ་གྱི་ཐོན་སྐྱེད་ཚུ་ མ་སྤྱོད་པར་བཞག་མི་དང་ བཀྲམ་སྤེལ་འབད་ནིའི་ནང་ འབྲེལ་བ་ ལེགས་ཤོམ་མེདཔ་ཨིན་པས།

དེ་མ་ཚད་ འབྲུག་པའི་ཐོན་ཁུངས་དེ་ཡང་ ཉུང་སུ་ཅིག་ལས་མེད་པའི་ཁར་ སོ་ནམ་པ་ཚུ་གིས་འབད་རུང་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་མི་འབད་དོ་ཡོདཔ་ད་ སོ་ནམ་ལས་ཁུངས་ནང་ གྲུབ་འབྲས་ཅན་ཅིག་ ལཱ་ཤུགས་མེད་པའི་ཁར་ སྤུས་ཚད་ལས་དཔྱད་རུང་ བྱང་ཉེས་དང་ རྒྱལ་སྤྱིའི་ཚོང་འབྲེལ་གྱི་ སྒྲིག་གཞི་དང་འཁྲིལ་བའི་ གཙང་སྦྲ་དང་ཡང་ མི་ལྡན་དོ་ཡོདཔ་ཨིན་པས།

ཨིན་རུང་ མཐར་འཁྱོལ་གྱི་ཆ་རྐྱེན་ཡང་ ཕྱིར་ཚོང་འཐབ་ཚུགས་པའི་ སྤུས་ཚད་ཅན་དང་ སྒམ་རྐྱབ་ནིའི་ནང་ ཡར་དྲག་གཏང་ནི་ དེ་ལས་ གོང་ཚད་འགྲན་བསྡུར་འབད་ནིའི་ནང་ འབྲུག་མི་ཚུ་ལུ་ ལྕོགས་གྲུབ་ཡོད་པའི་ དཔེ་སྟོན་ཚུ་གསལ་སྟོན་བྱུང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལས་༢༠༢༣ ཚུན་གྱི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ གོང་འཕེལ་དམིགས་བསལ་ལས་རིམ་གྱི་ ས་ཁྲ་དང་འཁྲིལཝ་ད་ རིག་རྩལ་ཅན་གྱི་ལས་རིམ་ ལངམ་མེད་མི་ལུ་བརྟེན་ ཁྲོམ་ཁར་ ཐོན་སྐྱེད་ཡར་དྲག་འབད་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད་པའི་ ངོས་འཛིན་བྱུང་ནུག།

དེ་ཡང་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་དོན་ལུ་དགོ་པའི་ ལས་མི་དང་ ཁྲོམ་ཁར་ཡོད་མི་ ལས་མིའི་རིག་རྩལ་གཉིས་ རྟགས་མ་ མཐུནམ་ལས་ ལས་མི་མ་ལང་པའི་དཀའ་ངལ་ ཐོན་ཏེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༧ ལོའི་ ལས་མིའི་ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ རིག་རྩལ་ལངམ་མེད་མི་དང་ དངུལ་འབྲེལ་གྱི་གོ་སྐབས་མ་ ཐོབ་མི་ ཚོང་ལམ་མེད་པའི་དཀའ་ངལ་ དེ་ལས་ ཚོང་འབྲེལ་གྱི་དོ་འགྲན་ཡོད་མི་ཚུ་ ཚོང་འབྲེལ་ཡར་དྲག་འགྱོ་ནི་ལས་ གདོང་ལེན་ཁག་༡༤ ཡོད་པའི་གྲས་ལས་ གདོང་ལེན་དེ་ཚུ་ ཡོདཔ་ཨིན་པས།

གདོང་ལེན་དེ་ཚུ་གིས་ གནོད་པ་མང་ཤོས་ར་ ཞབས་ཏོག་དང་ ལྟ་བཤལ་ ཐོན་སྐྱེད་ ལག་བཟོ་ལས་སྡེ་ཚུ་ལུ་ ཕོག་ཡོདཔ་ཨིན་པས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ནང་ འཛིན་སྐྱོང་འགོ་དཔོན་དང་ སྔོ་ཤིང་དང་འཕྲུལ་རིག་ལག་ལེན་པ་ དེ་ལས་ འཕྲུལ་རིགཔ་ཚུ་ དགོཔ་ཡོདཔ་ཨིན་པས།

དགོས་མཁོ་དང་འཁྲིལ་བལྟ་བ་ཅིན་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ནང་ མཐོ་ཤོས་ར་ རིག་རྩལ་དབྱེ་ཁག་བཞི་ཡོད་མིའི་ནང་ལས་ དབྱེ་ཁག་དང་པའི་ནང་ ཤེས་ཡོན་དུམ་གྲ་རེ་ཡོདཔའི་ལས་མི་དེ་ མཐོ་སུ་དགོ་པའི་ཁར་ དབྱེ་ཁག་གཉིས་པའི་ནང་ འཕྲུལ་རིག་གི་ རིག་རྩལ་ཡོད་མི་དང་ འཕྲུལ་ཆས་ལག་ལེན་འཐབ་ཤེས་མི་ དེ་ལས་ ལྟ་རྟོག་འབད་ཤེས་མི་ཚུ་དགོཔ་ཨིནམ་ད་ དབྱེ་ཁག་གསུམ་པའི་ནང་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་ཤེས་མི་དང་ དེའི་ཤུལ་ལས ཉུང་ཤོས་ར་ ཁྱད་རིག་ཅན་གྱི་ རིག་རྩལ་ཡོད་མི་དེ་ ཉུང་སུ་དགོཔ་མེདཔ་ཨིན་པས།

འཛིན་སྐྱོང་འགོ་དཔོན་དང་ ལྟ་རྟོག་པ་ དེ་ལས་ འཕྲུལ་ཆས་ལག་ལེན་འཐབ་མི་ མང་སུ་དགོ་མི་དེ་ཡང་ ང་བཅས་ཀྱི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་དེ་ འགོ་བཙུགསཔ་ཅིག་ འབད་ནི་དེ་གིས་ཨིན་པས།

ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཚོང་ཁང་དེ་ ལྕང་ཟམ་ཏོག་ལུ་ གཞི་བཙུགས་འབད་མི་དེ་ནང་ འབྲུག་མི་མང་ཤོས་ཀྱིས་ མི་འགྱོ་དོ་ཡོདཔ་ད་ འགྱོ་མི་ཚུ་གིས་ དེ་ཅིག་ མི་ཉོ་དོ་ཡོད་མི་དེ་ཡང་ གོང་ཚད་མཐོ་དྲགས་ནི་དེ་གིས་ཨིན་པས།

ཨིན་རུང་ ཚོང་ཁང་དེ་ནང་ལས་ཐོབ་མི་ ཐོན་སྐྱེད་ཚུ་ག་ར་ ནང་འཁོད་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་ལས་བཟོ་མི་ བཟའ་ཆས་ དང་གཞན་ཚུ་ ན་གཞོན་དང་ ཚོང་འབྲེལ་འགོ་དང་པ་ བཙུགས་མི་ཚུ་གིས་ བཟོ་མི་ཚུ་ཡོདཔ་ཨིན་པས།

ཚོང་ཁང་དེ་ནང་བཙུགས་མི་ ཚོང་པ་ཚུ་གིས་ སླབ་མིའི་ནང་ དེ་ནང་ལས་བཙོང་མི་ ཐོན་སྐྱེད་ཚུ་ གསརཔ་འབདཝ་ལས་ མི་ཚུ་གིས་ ཕྱི་ཁ་ལས་ ནང་འདྲེན་འབད་མི་ཚུ་ར་ ཉོཝ་མས་ཟེར་ཨིན་པས།

ཨིན་རུང་ དུས་ཚོད་དང་འཁྲིལ་ ཚོང་ཁང་དེ་ནང་གི་ ཐོན་སྐྱེད་ཚུ་ཡང་ ཡོངས་གྲགས་སོང་སྟེ་ ཚོང་འབྲེལ་ལེགས་ཤོམ་འགྱོ་བའི་ རེ་བ་བསྐྱེད་དོ་ཟེར་ ཚོང་པ་ཅིག་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *