ནང་པའི་མཐོ་རིམ་ཤེས་ཚད་ཡོད་མི་ཚུ་ གནད་དོན་ག་ཅི་ལུ་བརྟེན་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོགཔ་ཨིན་ན?

ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་པའི་ སྲིད་བྱུས་དེ་ གནད་དོན་ག་ཅི་ལུ་བརྟེན་ བཟོ་ཡོདཔ་ཨིན་ན་དང་ དེ་གིས་ རྫོང་ཁའི་ཤེས་ཡོན་ལྷབ་ནིའི་ དང་འདོད་ཡོད་མི་ཚུ་ལུ་ བློ་སྟོབས་དང་ སྤྲོ་བ་ཞན་བཅུག་ནི་ཨིནམ་ལས་ སྲིད་བྱུས་འདི་ བསྒྱུར་བཅོས་མཛད་གནང་དགོཔ་ འདུག་ཟེར་ཨིན་པས།

དེ་ལས་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་སློབ་དཔོན་ལངམ་སྦེ་མེདཔ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་དང་ ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ སློབ་གྲྭ་ཚུ་ནང་ སྦྱོང་བརྡར་ཡོད་པའི་ རྫོང་ཁའི་སློབ་དཔོན་ལངམ་སྦེ་ བཙུགས་གནང་དགོ་ཟེར་ཨིན་པས།

དེ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་སྦེ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ རྫོང་ཁའི་གྲོས་ཚོགས་སྐབས་ ཤེས་རིག་དང་ གཙུག་ལག་ཤེས་ཡོན་ནང་ ལཱ་འབད་མི་ཚུ་གིས་ སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་ཤེས་ཡོན་གོང་འཕེལ་དང་ དར་ཁྱབ་གཏང་ཐབས་ལུ་དམིགས་ཏེ་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།

ཤེས་རིག་དང་ གཙུག་ལག་ཤེས་ཡོན་སྡེ་ཚན་གྱིས་ གསལ་སྟོན་འབད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ བྱུང་རབས་ཆོས་ཚན་དེ་ རྫོང་ཁ་ནང་མེདཔ་ལས་ ངེས་པར་དུ་ རྫོང་ཁའི་ནང་སྟོན་ནི་ཡོདཔ་སྦེ་ བཟོ་གནང་དགོཔ་དང་ རྫོང་ཁའི་སློབ་དཔོན་ཚུ་ལུ་ དམིགས་བསལ་གྱི་ བྱུང་རབས་སློབ་སྟོན་འབད་ཐངས་ཀྱི་ སྦྱོང་བརྡར་ཚུ་བྱིན་ཐོག་ལས་ སློབ་སྟོན་འབད་ཚུགསཔ་ བཟོ་གནང་དགོ་ཟེར་ཨིན་པས།

གསལ་སྟོན་འབད་མི་དང་འཁྲིལཝ་ད་ གཙུག་ལག་སློབ་སྡེ་ཚུ་ནང་ རྫོང་ཁའི་ཆོས་ཚན་ལངམ་སྦེ་ མེད་མི་དེ་ཡང་ མཐོ་རིམ་ཤེས་ཡོན་ལོ་༣ དེ་ཅིག་གི་རིང་ ཤེས་ཡོན་སྦྱང་པའི་སྐབས་ རྫོང་ཁའི་ཆོས་ཚན་ཟླཝ་༦ དེ་ཅིག་ལས་ སློབ་སྟོན་འབད་ནི་མེད་དོ་ཡོདཔ་ལས་ གཙུག་ལག་སློབ་སྡེ་ཚུ་ནང་  སློབ་སྦྱོང་ག་ཅི་ནང་ཨིན་རུང་ ལོ་རིམ་བཞིན་དུ་ རྫོང་ཁའི་སྦྱོང་ཚན་རེ་ ལྷབ་ནི་ཡོདཔ་ བཟོ་གནང་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལཱ་གཡོག་ནང་ཡོད་མི་ཚུ་གིས་ དུས་རྒྱུན་གྱི་ སློབ་སྦྱོང་འབད་ནིའི་ དང་འདོད་ཡོད་མི་ཚུ་ལུ་ཡང་ གཞུང་གིས་ སློབ་སྦྱོང་ངལ་གསོ་དང་ སློབ་གཉེར་གྲོགས་རམ་ལ་སོགས་པའི་ རྒྱབ་སྐྱོར་ཚུ་ ཡོདཔ་བཟོ་གནང་དགོ་པའི་ཁར་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ རྫོང་ཁའི་མི་སྟོབས་གོང་འཕེལ་གྱི་དོན་ལུ་ མ་དངུལ་ལོགས་སུ་སྦེ་ བཞག་གནང་དགོ་ཟེར་ཨིན་པས།

སྡེ་ཚན་གྱིས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ རིག་གཞུང་གི་ ཆོས་ཚན་ལྷབ་མི་ སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཤེས་ཡོན་ཡོད་རུང་ ཨིང་སྐད་ཀྱི་ སྐུགས་ཚད་ལུ་བརྟེན་ མཐོ་རིམ་སློབ་སྦྱོང་གི་ གོ་སྐབས་མེདཔ་ལས་ རྫོང་ཁའི་ཤེས་ཡོན་ལེགས་ཤོམ་ཡོད་མི་ཚུ་ རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཨིང་སྐད་ཀྱི་སྐུགས་ཚད་ མར་ཕབ་གནང་དགོ་ཟེར་ཨིན་པས།

དེ་མིན་ རྫོང་ཁ་ཉག་རྐྱང་ལྷབ་ནིའི་ནང་ དང་འདོད་ཡོད་མི་ཚུ་ལུ་ མཐོ་རིམ་སློབ་གྲྭ་ནང་ རྫོང་ཁ་ཉག་རྐྱང་གི་ ཤེས་ཡོན་འཕྲོ་མཐུད་ནིའི་ གོ་སྐབས་ཡོདཔ་ བཟོ་གནང་དགོཔ་ད་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ལམ་ལུགས་ནང་ སྤྱིར་བཏང་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནིའི་ནང་ བརྒྱ་ཆ་༦༠ དང་ གཞན་མི་ལུ་ བརྒྱ་ཆ་༤༠ ཟེར་ཡོད་མི་དང་ ལོགས་ཅིག་ལས་ རིག་གཞུང་མཐོ་རིམ་སློབ་གྲྭའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ ཨིང་སྐད་ཀྱི་ སྐུགས་ཚད་བརྒྱ་ཆ་༥༠ ལྷགཔ་ཅིག་ བཟོ་མི་༢ རྟགས་མ་མཐུན་ཟེར་ཨིན་པས།

སྡེ་ཚན་གྱི་ གསལ་སྟོན་ནང་ བཀོད་མི་དང་འཁྲིལཝ་ད་ རྫོང་ཁ་ལུ་ སྤྲོ་བ་ཞན་པའི་དཀའ་ངལ་ཡོདཔ་ལས་ རྫོང་ཁ་དང་འབྲེལ་བའི་ གཡོག་གི་གོ་སྐབས་ ག་དེ་མང་མང་ བཟོ་གནང་དགོ་པའི་ཁར་ རྫོང་ཁའི་ཤེས་ཡོན་ལྷབ་འདོད་ཡོད་མི་ཚུ་ལུ་ མ་དངུལ་གྱི་གྲོགས་རམ་དང་ གོ་སྐབས་ཡང་ བཟོ་གནང་དགོ་ཟེར་ཨིན་པས།

གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ རྫོང་ཁ་ཉག་རྐྱང་སྦེ་ མཐོ་རིམ་ཤེས་ཡོན་སྦྱང་ཚུགས་པའི་ གོ་སྐབས་བཟོ་ཚུགས་རུང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་རུང་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་ལུ་ མཇུག་ལས་མཇུག་སུ་ ལཱ་གཡོག་གི་ གོ་སྐབས་ག་ཅི་ཡོདཔ་ཨིན་ན་ བལྟ་དགོཔ་དེ་ཡང་ ཁག་ཆེ་ཟེར་ཨིན་པས།

གྲོས་ཚོགས་ཀྱི་ཁྲི་འཛིན་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ སྲིད་བྱུས་ཚུ་ སྤྱི་ཚོགས་ནང་ ཆ་འཇོག་གནང་སྟེ་ བཅའ་ཁྲིམས་ཚུ་ནང་ ཚུད་དགོཔ་ལས་ ནང་པའི་མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཆོག་པའི་ སྲིད་བྱུས་དེ་ ག་ཏེ་ལས་ འོང་ཡི་ག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁའི་ཤེས་ཡོན་སྦྱང་ནིའི་ སྤྲོ་བ་ཡོད་མི་ཚུ་ལུ་ སྲིད་བྱུས་དེ་གིས་ སྤྲོ་བ་ཞན་བཅུག་ནི་ཨིན་པའི་ཁར་ མཇུག་ལས་མཇུག་སུ་ བཙག་འཐུ་ནང་ བཅའ་མར་གཏོགས་པ་ཅིན་ རྫོང་ཁའི་ཤེས་ཡོན་དེ་ ལྷབ་ནི་མེན་པས་ཟེར་བའི་ དོགས་པ་བཙུགས་ཡི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *