༉ འབྲུག་ལུ་ རྩོད་རྙོགས་ཚུ་ ཁྲིམས་ཀྱི་འདུན་སར་ མ་འགྱོ་བར་ བར་འདུམ་མམ་ ནང་ཁ་ནང་འགྲིགས་ཐོག་ལས་ སེལ་ནི་གི་སྲོལ་འདི་ སྤྱི་ལོ་༡༦༥༢ ལས་ར་ཡོདཔ་བཞིན་དུ་ ནང་འགྲིགས་འབད་ཐངས་དེ་ འབྲུག་གི་ཁྲིམས་གཞུང་ཆེན་མོ་ སྤྱི་ལོ་༡༩༥༩ ཅན་མའི་ནང་ གསལ་བཀོད་འབད་དེ་ཡོདཔ་ཨིན་མས།
ནང་འགྲིག་པའམ་ འཆམ་ཁ་བཟོ་མི་དེ་གིས་ རྩོད་གཞི་རྩ་བོ་༢ ཀྱི་བར་ན་ འཛུལ་ཞུགས་ཐོག་ བསླབ་བཀོད་བྱིན་མིའི་ འགན་ཁུར་འབག་སྟེ་ རྩོད་རྙོགས་ཚུ་ ཁྲིམས་ཀྱི་འདུན་སར་ འགྱོ་མ་དགོ་པར་ ནང་འཁོད་ལུ་ སེལ་ཐབས་འབད་མི་ལུ་བརྟེན་ རྩ་ཕན་ཚུ་ ཁྲིམས་ཀྱི་འདུན་སར་ ཡུན་རིངམོ་སྦེ་ རྩོད་བཤེར་འབད་མ་དགོཔ་དང་ ལཱ་ལྟོ་ཆག་མ་དགོ་པའི་ ཁེ་ཕན་ཚུ་བྱུང་ནུག།
ཨིན་རུང་ ཤུལ་ལས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ འབྲུག་གི་རྫོང་ཁག་༢༠ དང་ དྲུང་ཁག་༡༥ ནང་ ཁྲིམས་འདུན་ཚུ་ གཞི་བཙུགས་འབད་མི་དང་བསྟུན་ བར་སྐབས་ཅིག་ལས་ འཁོན་འདུམ་ལམ་ལུགས་ཀྱི་ བརྩི་མཐོང་དང་ ལག་ལེན་ཚུ་ ཉམས་སོཔ་ལས་ མི་ཚུ་གིས་ ཁྲིམས་འདུན་གྱི་ཕྱི་ཁར་ འཆམ་ཁ་བཟོ་ཚུགས་པའི་ རྩོད་གཞི་ཕྱམ་ཕྱིམ་ལས་འགོ་བཟུང་ ཁྲིམས་ཀྱི་འདུན་སར་ བསྐྱལ་མི་ལུ་བརྟེན་ དྲང་ཁྲིམས་དུས་ཚོད་ཁར་ མ་ཐོབ་པའི་ དཀའ་ངལ་ཚུ་ བྱུང་ཡོདཔ་ཨིན་མས།
འདི་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ སྤྱི་ལོ་༢༠༡༢ ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འབྲུག་གི་ ནང་ཁ་འགྲིགས་ལམ་ལུགས་བཟང་པོ་འདི་ བསྐྱར་ཞིབ་ཐོག་ ནུས་ཤུགས་ཅན་དང་ སྒྲིང་སྒྲི་ ལམ་ལུགས་ཅན་བཟོ་ཐོག་ལས་ རྩོད་རྙོགས་ཐོན་སའི་ གཡུས་སྒོ་ཚུ་ནང་ར་ དྲང་བདེན་ཐོབ་ཚུགསཔ་ བཟོ་ནི་ལུ་དམིགས་ཏེ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ནང་ཁ་ནང་འགྲིགས་འབད་ཐངས་ཀྱི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་གནང་ནུག།
འདས་པའི་ལོ་ངོ་༤ ལྷགཔ་ཅིག་གི་རིང་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་བྱིན་ཞིན་པའི་ཤུལ་ལུ་ སྤྱི་ལོ་༢༠༡༢ ལས་༢༠༡༦ གི་བར་ན་ རྒྱལ་ཁབ་ནང་འཁོད་ལུ་ རྩོད་དོན་བསྡོམས་༣༦,༢༥༠ ཐོན་ས་ལས་༡༥,༣༡༦ ནང་ཁ་ནང་འགྲིགས་ཐོག་ལས་ སེལ་ཡོདཔ་ལས་ རྩ་ཕན་ཚུ་ གནས་རིམ་ལེ་ཤ་ཡོད་མི་ ཁྲིམས་འདུན་ཚུ་ནང་ འགྱོ་མ་དགོཔ་དང་ ཟད་འགྲོ་ལུ་ ཕན་ཁྱད་སྦོམ་བྱུང་ནུག།
གལ་སྲིད་ རྩོད་དོན་ཕྱམ་ཕྱིམ་ཚུ་ ཁྲིམས་ཀྱི་འདུན་སར་ ཐོ་འཛིན་འབད་བ་ཅིན་ འབྲུག་གི་ཞི་རྩོད་བྱ་བའི་གནད་སྤྱོད་དང་འཁྲིལ་ རྩོད་བཤེར་འབད་དགོཔ་ལས་ ནང་ཁ་ནང་འགྲིགས་ཐོག་ལས་ དུས་ཡུན་ཆུ་ཚོད་དག་པ་ཅིག་ནང་ མཇུག་བསྡུ་ནི་ཨིན་མི་ རྩོད་གཞི་དེ་ ཁྲིམས་གཏུགས་འབདཝ་ད་ ཟླཝ་དང་ལོ་སྦེ་ འགོརཝ་ཨིན་མས།
འདི་འབདཝ་ལས་ ཞི་རྩོད་ཕྱམ་ཕྱིམ་ཚུ་ ད་ལྟོ་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རང་སོའི་རྒེད་འོག་གི་ མི་སེར་ཚུ་ལུ་ ཁྲིམས་འདུན་གྱི་ཕྱི་ཁར་ དཀའ་ངལ་སེལ་ཚུགས་པའི་ རྩོད་དོན་ཚུ་ ནང་ཁ་ནང་འགྲིགས་འབད་དགོ་པའི་ བརྩོན་ཤུགས་བསྐྱེད་ནི་དེ་གལ་ཆེ།
འདུམ་འགྲིགས་འབདཝ་ད་ རྩོད་གཞི་ག་ཅི་བཟུམ་ འབད་མ་ཆོགཔ་ཨིན་ན་ སྦྱོང་བརྡར་བྱིན་མི་ཚུ་གིས་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ ལེགས་ཤོམ་སྦེ་ གོ་བརྡ་སྤྲོད་དགོ།
ག་འཆརཔ་ཟེར་བ་ཅིན་ འབད་མ་ཆོག་པའི་ རྩོད་དོན་ཚུ་ཡང་ ནང་ཁ་ནང་འགྲིགས་འབད་བ་ཅིན་ མཐའན་མཇུག་ལུ་ ཁྲིམས་ཀྱི་འདུན་སར་ ལྷོད་པ་ཅིན་ ནང་འགྲིགས་འབད་མི་ཚུ་ལུ་ ཉེས་ཁྲིམས་ཕོག་ནིའི་ ཉེན་ཁ་ཡོདཔ་ཨིན།
ལམ་ལུགས་དང་འཁྲིལ་བ་ཅིན་ ཞི་རྩོད་དང་འབྲེལ་བའི་ རྩོད་རྙོགས་ཀྱི་ རིགས་ཆ་མཉམ་ར་ ནང་འགྲིགས་ཐོག་ལས་ སེལ་ཚུགས་ནི་ཨིན་རུང་ ཁྲིམས་འདུན་ལས་ གཉེན་ཐམ་མེད་མི་ རྩ་ཕན་ཚུ་ གཉེན་ཡ་བྲལ་འགྱོ་བའི་ རྩོད་དོན་ཚུ་དང་ ཁྲིམས་འཐུས་བཏབ་མ་རུང་བའི་ ཉེས་འགེལ་ཚུ་ནང་ གྲལ་གཏོགས་ཡོད་པ་ཅིན་ ནང་འགྲིགས་འབད་མི་ཆོག་ནི་ཨིན་མས།
དེ་ལས་ ཁྲིམས་འཐུས་བཏབ་རུང་བའི་ ཉེས་ལས་འཐབ་མི་ཚུ་གི་ཐད་ལུ་ རྒུད་འཐུས་ཀྱི་ གནད་དོན་སྐོར་ ནང་འགྲིགས་འབད་ཆོག་ནི་ཨིན་རུང་ རྩ་ཕན་ཚུ་གིས་ ཉེས་ཁྲིམས་བཀལ་ཐངས་སྐོར་ ནང་འགྲིགས་འབད་མི་ཆོག་ནི་ཨིན་མས།
འདི་འབདཝ་ལས་ ང་བཅས་ཀྱི་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ འབད་ཆོག་མི་ཆོག་སྐོར་ གོ་བརྡ་སྤྲོདཔ་དང་གཅིག་ཁར་ ནང་ཁ་ནང་འགྲིགས་ཀྱི་ བྱ་རིམ་དེ་གིས་ མི་སེར་ཚུ་ལུ་ ཕན་ཁྱད་ག་དེ་སྦེ་ར་ཡོདཔ་ཨིན་ན་ སེམས་ཤུགས་བསྐྱེད་དགོཔ་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …