ནགས་རྒྱ་རྒེད་འོག་གིས་ ཐོན་སྐྱེད་འབད་མི་ འདབ་མ་ཀོ་པི་ཚུ།

ནགས་རྒྱ་རྒེད་འོག་གིས་ འདབ་མ་ཀོ་པི་ཚུ་ བཙོང་མ་ཚུགས་པའི་དཀའ་ངལ།

༉ ཚོད་བསྲེ་ཐོན་སྐྱེད་འབད་ནིའི་ དུས་ཚོད་རནམ་དང་བསྟུན་ འདབ་མ་ཀོ་པི་ཚུ་ འཛུགས་སྐྱོང་རྒྱ་ཆེ་དྲགས་འབད་མི་ སྤ་རོ་ ནགས་རྒྱ་རྒེད་འོག་ནང་ ད་རུང་ ཚོང་འབྲེལ་གྱི་གདོང་ལེན་ བྱུང་སྟེ་ཡོདཔ་ཨིན་པས།

ཨིན་རུང་ གནས་སྐབས་ཀྱི་ ཐབས་ལམ་ཅིག་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འདམ་ཆུ་ལུ་ ཚོད་བསྲེ་ཚུ་ བསྡུ་བསྒྱོམ་འབད་དེ་ བདུན་ཕྲག་འདི་གི་ གཟའ་ཉི་མ་ལས་ རྒྱལ་ཁབ་ནང་འཁོད་ལུ་ བཀྲམ་སྤེལ་འབད་ནི་ཨིན་པས།

སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ ཐོན་སྐྱེད་སྤུངས་ཡོད་མི་ཚུ་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ བཙོང་ནི་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།

ཨིན་རུང་ ཚོང་ཁྲོམ་དེ་ནང་ མི་སྤུངས་འཛོམས་འབད་དེ་ ནད་ཡམས་སྤེལ་ནིའི་ ཉེན་ཁ་ཡོདཔ་ལས་ འདམ་ཆུ་ལུ་སྦེ་ བསྡུ་ལེན་འབད་ནི་ལུ་ གྲོགས་རམ་འབད་འོང་ཟེར་ཨིན་པས།

བློན་པོ་གིས་ སླབ་མིའི་ནང་ འགན་ཁུར་དེ་ སྒེར་གྱི་ལས་སྡེ་དང་ གཞུང་དབང་ལས་སྡེ་ཚུ་ལུ་ ལེན་བཅུག་ནི་ཟེར་ཨིནམ་ད་ གཞུང་གིས་ དུས་ཚོད་འ་ནེམ་ཅིག་ཁར་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ལས་ བར་འབྲེལ་གྱི་ གནས་སྐབས་བཏོན་ཡི་ཟེར་ཨིན་པས།

སོ་ནམ་པ་ཚུ་ ཕྱིར་ཚོང་འཐབ་ས་མེདཔ་ལས་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ ན་ཧིང་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ ས་མཚམས་ཚུ་ སྒོ་བསྡམས་ནི་དེ་གིས་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

ནད་ཡམས་དེ་གིས་ སོ་ནམ་པ་ཚུ་ལུ་ ད་རུང་ གདོང་ལེན་བྱིན་དོ་ཡོདཔ་ད་ སོ་ནམ་པ་དབང་འདུས་ཀྱིས་ གཟའ་མིག་དམར་ལུ་འདབ་མ་ཀོ་པི་ སྣུམ་འཁོར་བོ་ལེ་རོ་༡ འབག་སྟེ་ ཐིམ་ཕུག་ལུ་འོང་ཡོད་རུང་ ཀེ་ཇི་ཕུད་རྡོག་གཅིག་ཡང་ བཙོང་མ་ཚུགས་པར་ ལོག་ཁྱིམ་ནང་ འགྱོ་དགོཔ་ཐོན་ནུག།

ཁོ་གིས་ ཁོ་རའི་ཐོན་སྐྱེད་དེ་ འགོ་དང་པ་ ཕུན་ཚོགས་གླིང་ལུ་ བཙོང་ནིའི་འཆར་གཞི་བཟོ་ཡོད་རུང་ མཚམས་འཇོག་འབད་ཡོདཔ་ལས་ ཆ་མཉམ་རུལ་དོ་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཝ་ན་ཁ་ལུ་ འདབ་མ་ཀོ་པི་ཕད་ཙི་༥༥ དེ་ཅིག་ བཙོང་ནིའི་དོན་ལུ་ གྲ་སྒྲིག་ཡོད་མི་ཚུ་ ཉིནམ་དག་པ་ ཅིག་ནང་ བཙོང་མ་ཚུགས་པ་ཅིན་ རུལ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

དེ་གིས་མ་ཚད་ ཀེ་ཇི་༣༠ དང་༣༥ འི་བར་ན་ཐོན་མི་ ཕན་ཙི་རེ་བཙོངམ་ད་ དངུལ་ཀྲམ་༣༠༠ དེ་ཅིག་ལས་ མི་ཐོབ་དོ་ཡོདཔ་ ལས་ རྒུད་འདུག་ཟེར་ཨིནམ་ད་ ཨིན་རུང་ རུལ་བཅུགཔ་ལས་ བཙོང་པ་ཅིན་ དྲག་པས་མནོ་སྟེ་ བཙོང་པར་འབག་འོང་ཡི་ཟེར་ཨིན་པས།

དབང་འདུས་ཀྱིས་ སླབ་མིའི་ནང་ ནགས་རྒྱ་ལས་ ཐོན་སྐྱེད་འབད་མི་ཚུ་ ནང་འཁོད་ལུ་ བཙོང་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ཁྱིམ་གུང་ག་ར་གིས་ བཙོང་ནིའི་དོན་ལུ་ རྒྱ་ཆེ་དྲགས་སྦེ་ བཙུགས་ནི་དེ་གིས་ཨིནམ་ལས་ ཐབས་ཤེས་དེ་ ཕྱིར་ཚོང་འཐབ་ནི་ལུ་ར་ བཏོན་དགོཔ་འདུག་ཟེར་ཨིན་པས།

ན་ཧིང་གི་ལོ་ནང་ འབྲུག་བཟའ་སྤྱོད་ལས་འཛིན་བརྒྱུད་དེ་ གཞུང་གིས་ ལོག་ཉོ་ནིའི་ལས་རིམ་ཐོག་ལས་ དཀའ་ངལ་དེ་ སེལ་ཐབས་འབད་ཡོདཔ་ད་ ཝ་ན་ཁ་ ཟུར་སུ་ན་ཚོགས་པ་ འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ དེ་བཟུམ་མའི་ དཀའ་ངལ་ཐོན་ཏེ་ བདུན་ཕྲག་ལང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ འདབ་མ་ཀོ་པི་གི་ ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ ནང་འཁོད་ལུ་ བཙོང་མ་ཚུགས་པའི་ གདོང་ལེན་འདུག་ཟེར་ཨིན་པས།

ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་ ཚ་གྱང་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ན་ཧིང་བཟུམ་སྦེ་ ཁེ་སང་མེད་རུང་ བཙོང་ནིའི་རེ་བ་འདུག་ཟེར་ཨིནམ་ད་ ན་ཧིང་ འདབ་མ་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ རེ་སྦེ་ བཙོང་ཡོདཔ་ཨིན་པས།

ཚོགས་པ་གིས་ སླབ་མིའི་ནང་ ཐབས་ལམ་དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་རུང་ གཞུང་ལུ་ རྒུད་ཕོག་ནི་མས་ཟེར་ ཨིནམ་ད་ རྒེད་འོག་དེ་ནང་ ལོ་༦ དེ་ཅིག་གི་ཧེ་མར་ འབྱ་ལཱ་གི་དོན་ལུ་ ཆུའི་དཀའ་ངལ་ཐོན་པའི་ཤུལ་ལས་ འོང་འབབ་དོན་ལུ་ འདབ་མ་ཀོ་པི་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ འོང་འབབ་བཟོ་ཚུགས་ཡོདཔ་ཨིན་པས།

ད་རེས་ རྒེད་འོག་དེ་གིས་ ལོ་༡ ནང་ འདབ་མ་ཀོ་པི་ མེ་ཊིག་ཊཱོན་༡,༢༠༠དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།

ཝ་ན་ཁ་དང་ ཟུར་སུ་ན་སྤྱི་འོག་གི་ ཁྱིམ་གུང་ག་ར་གིས་ ས་ཆ་ཨེ་ཀར་ལས་བཅད་དེ་ འདབ་མ་ཀོ་པི་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ དེ་ཡང་ ལོ་༡ ནང་ ཚར་གཉིས་རེ་ བཙུགས་དོ་ཡོདཔ་བཞིན་དུ་ ལོ་༡ ནང་ འོང་འབབ་དངུལ་ཀྲམ་ས་ཡ་༠.༣ དེ་ཅིག་ བཟོ་ཚུགས་དོ་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *