རང་བཞིན་གནས་སྟངས་ སྲུང་སྐྱོབ་འབད་མི་ ནགས་ཚལ་འགོ་དཔོན་ཚུ།

ནགས་ཚལ་འགོ་དཔོན་ཚུ་ རང་བཞིན་གནས་སྟངས་ སྲུང་སྐྱོབ་འབད་མི་ཨིནམ།

༉ སྤྱི་ཟླ་༩ པའི་ཚེས་༣ གྱི་ ཕྱི་རུའི་ཆུ་ཚོད་༧:༤༠ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྒང་སྟེང་རྒེད་འོག་གི་ མཚམས་ཁང་ཅིག་ནང་ དོམ་མཐོང་པའི་ཤུལ་ལས་ དགེ་སློང་ཅིག་གིས་ གླིང་འཛིན་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ནུག།

དབང་འདུས་ཕོ་བྲང་ནགས་ཚལ་སྡེ་ཚན་གྱི་ འགོ་དཔོན་༦ གིས་ ཕྱི་རུའི་ལྟོ་བཟའ་བའི་ཤུལ་ལས་ ནགས་ཚལ་འགོ་དཔོན་ཅིག་གིས་ ཀྲོབ་མདའ་དང་ འཕྲུལ་མེ་འབག་སྟེ་ ས་གནས་ནང་ སོང་ཡོདཔ་ཨིན་པས།

ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ ནགས་ཚལ་འགོ་དཔོན་ཚུ་ མཚམས་ཁང་གི་ ཤམ་བར་ནང་ གདན་འཐིང་ཐོག་ལས་ ཨོམ་ཙོག་སྦེ་སྡོད་ཡོདཔ་ད་ ཁོང་གིས་ དོམ་ཚུ་ མཚམས་ཁང་ནང་ འོང་མིབཅུག་ནིའི་དོན་ལུ་ ཀྲོབ་མདའ་རྐྱབ་སྟེ་ འདྲོག་འཇིགས་འཐབ་བཅུག་ཡོདཔ་ཨིན་པས།

དོམ་ཚུ་ མཚམས་ཁང་གི་ས་ཁོངས་ནང་ ཟླཝ་༣ དེ་ཅིག་ ལྟོ་འཚོལ་བར་འོང་མི་ལུ་བརྟེན་ མཚམས་བཅད་ནི་ལུ་ བར་ཆད་རྐྱབ་མི་ལུ་བརྟེན་ འབད་མ་ཚུགས་པར་ ནགས་ཚལ་ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ཨིན་པས།

དོམ་ཚུ་ ས་གནས་གཞན་ཁར་ བདའ་གཏང་ནི་དང་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་མི་ དེ་ལས་ ལ་བདའ་སྟེ་ ཤ་བདའ་མིའི་གནད་དོན་ཚུ་ ནགས་ཚལ་འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།

ནགས་ཚལ་འགོ་དཔོན་གོངམ་ ཌ་མར་ མ་ནི་རའེ་གིས་ སླབ་མིའི་ནང་ རང་བཞིན་གནས་སྟངས་ སྲུང་སྐྱོབ་དང་ ཉམས་སྲུང་འབད་ནི་དང་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་ནི་དེ་ ཁོང་རའི་ འགན་ཁུར་ཨིན་ཟེར་ཨིན་པས།

ད་རེས་ རྒྱལ་ཡོངས་ནགས་ཚལ་གནས་སྡུད་ཀྱི་དོན་ལས་ ནགས་ཚལ་འགོ་དཔོན་༥ སྒང་སྟེང་གི་ ལུང་གཤོང་ནང་ ཁོང་རའི་ཁུར་ཆ་དང་ མཁོ་ཆེ་བའི་ཅ་ཆས་ཚུ་འབག་སྟེ་ ལ་དང་ལུང་ཚུ་ནང་ ས་གི་དཔེ་ཚད་དང་ སྲོག་ཆགས་ཀྱི་ཁ་གསལ་ དེ་ལས་ ནག་རྫས་དཔེ་ཚད་ཚུ་ལུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ གནས་སྡུད་ཚུ་ཡང་ དུས་ཅི་ སྤྱི་ཟླ་༧ པ་ལས་ བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ད་ སྡེ་ཚན་གྱི་འགོ་ཁྲིདཔ་ ནགས་ཚལ་འགོ་དཔོན་གོངམ་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ཤིང་དང་ ཧོན་ལྡུམ་ སྔོ་ཤིང་ སྲོག་ཆགས་ དེ་ལས་ བྱ་རིགས་ཀྱི་ གནས་སྡུད་ཚུ་ བསྡུ་ལེན་འབད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གནས་སྡུད་ཚུ་ བསྡུ་ལེན་འབད་ནི་ལུ་ ས་ས་ཆ་མི་ཊར་༡༢.༦༢ དེ་ཅིག་ ཐོབ་སྟེ་ཡོདཔ་པའི་ཁར་ ས་ཚན་ཅིག་ མཇུག་བསྡུ་ནི་ལུ་ ཉིནམ་༢ དང་༣ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།

དབང་འདུས་ནགས་ཚལ་སྡེ་ཚན་ལུ་ སྤུ་ན་ཁ་དང་ དབང་འདུས་བརྩིས་ཏེ་ གནས་སྡུད་བསྡུ་ལེན་འབད་ནི་ལུ་ ས་ཆ་ས་ཚན་༡༠༣ ཡོདཔ་ད་ གནས་སྡུད་བསྡུ་ལེན་དེ་ སང་ཕོད་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ལས་ ད་རེས་ ནགས་ཚལ་འགོ་དཔོན་ མང་ཤོས་ཅིག་ ནགས་ཚལ་ཡོདཔ་ཨིན་པས།

ཚེ་དབང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ནགས་ཚལ་སྟུག་དྲགས་དང་ རོང་ཆུ་ཚུ་ སྦོམ་ཐལ་ཏེ་ཡོདཔ་ལས་ ཚེ་སྲོག་ལུ་ ལཱ་ཁག་ཡོད་རུང་ རྒྱལ་ཡོངས་ནགས་ཚལ་གནས་སྡུད་སྡེ་ཚན་གྱིས་ རྩ་འགེངས་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གནས་སྡུད་བསྡུ་ལེན་འབད་བར་ ས་ཁོངས་ལེ་ཤ་ཅིག་ནང་ སོང་ཡོད་རུང་ རྩེ་ཆུམ་དང་ གདོང་ཀོབ་སྦྱིས་ དེ་ལས་ བབ་ཅེམ་ཚུ་ ཀ་བཞི་རྒེད་འོག་ སྦས་གླང་བྲག་ལས་ ཉིན་གྲངས་༥ གི་ ས་གནས་ཁར་ཡོད་མི་ལུ་བརྟེན་ དེ་ནང་འགྱོ་ནི་ལུ་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།

སྡེ་ཚན་གྱིས་ སྦས་གླང་བྲག་ལུ་ བདུན་ཕྲག་༣ སྡོད་པའི་ཤུལ་ལས་ སྒང་སྟེང་ལུ་སོང་ཡོདཔ་ད་ རྒྱལ་ཡོངས་ནགས་ཚལ་ཐོ་གཞུང་གནས་སྡུད་ཀྱི་ སྡེ་ཚན་ལ་ལོ་ཅིག་ བྱང་ཕྱོགས་ཀྱི་ ལ་བདའ་སྟེ་ ཟླཝ་༣ དང་༤ དེ་ཅིག་ སྡོད་ནུག་ཟེར་ ཚེ་དབང་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ཚུན་ ཁོང་རའི་སྡེ་ཚན་ནང་ ག་ལུ་ཡང་ གནོད་སྐྱོན་སྦོམ་ཅིག་མ་བྱུང་རུང་ ལམ་མ་ཆད་པར་ འགྱོ་སྡོད་ནི་དེ་གིས་ ལ་ལོ་ཅིག་ལུ་ འུ་སྡུག་སྟེ་ ན་ནུག་ཟེར་ཨིན་པས།

སྟབས་ཉེསཔ་ལས་བརྟེན་ དུས་ཅི་ སྤྱི་ཟླ་༧ པའི་ནང་ གཙང་ཆུ་སྐོར་སྲུང་འབད་བའི་སྐབས་ དབང་འདུས་ནགས་ཚལ་སྡེ་ཚན་གྱི་ སྐྱེས་ལོ་༤༥ ལང་མི་ ནགས་ཚལ་འགོ་དཔོན་ཅིག་ སྤུ་ན་ཁ་ ཕོ་ཆུའི་ནང་བུད་དེ་ ཤི་རྐྱེན་བྱུང་ནུག།

དེ་བཟུམ་སྦེ་ ནགས་ཚལ་འགོ་དཔོན་ཅིག་ དབང་འདུས་ ཇོ་བོ་དུར་ཤིང་ལུ་ ཤ་བདའ་མི་ཚུ་ བལྟ་བར་འགྱོ་བའི་སྐབས་ ལ་དུག་ཐོབ་ཡོདཔ་ཨིན་པས།

ཌ་མར་ མ་ནི་ རའེ་གིས་ སླབ་མིའི་ནང་ ནགས་ཚལ་འགོ་དཔོན་ཚུ་ ཆུ་ཚོད་༢༤ རིང་ལུ་ སྒྲིག་གཡོག་རྒྱུག་དགོཔ་བྱུངམ་མས་ཟེར་ཨིནམ་ད་ ཁོ་ར་ ནགས་ཚལ་འགོ་དཔོན་སྦེ་ ཕྱག་ཞུ་སྟེ་ ད་རེས་ ལོ་༢༥ དེ་ཅིག་ ལང་དོ་ཡོདཔ་བཞིན་དུ་ ཁོ་རའི་ མི་ཚེ་ནང་ ལཱ་ཁག་དེ་ར་ མོང་སྒར་ལུ་ གནས་སྐབས་ཀྱི་ ཁྱིམ་ནང་སྡོད་མི་དེ་ཨིན་པས།

ཁོ་གིས་འབད་བ་ཅིན་ ང་བཅས་ལུ་ ཉལ་ཁུ་གི་ མཐུན་རྐྱེན་ཅིག་ཡང་མེད་པའི་ཁར་ ནགས་ཚལ་ནང་ འབུབ་དང་ སྦྱངམ་ཚུ་གིས་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༣ གྱི་ ཕྱི་རུའི་ཆུ་ཚོད་༡༠:༤ དེ་ཅིག་ཚུན་ སྒུག་སྡོད་ཡོདཔ་བཞིན་དུ་ ཀྲོབ་མདའ་རྐྱབ་ཡོད་རུང་ དོམ་དེ་གིས་ འགྱོ་མ་བཏུབ་པར་ ནགས་ཚལ་འགོ་དཔོན་ཚུ་གིས་ ཧིང་བཀལ་ཏེ་ འཛིན་བཟུང་འབད་ཞིནམ་ལས་ ས་གནས་གཞན་ཁར་ བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *