རིན་ཆེན།

ནགས་ཚལ་འགོ་དཔོན་བགྲེསཔ་ཅིག་གིས་ གཞལམ་སྒང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ཐོན་ཡོདཔ།

༉ ནགས་ཚལ་འགོ་དཔོན་བགྲེསཔ་ རིན་ཆེན་གྱིས་ གཞལམ་སྒང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེ་འམ་ བསྐྱར་ཞིབ་ཚོགས་ཁང་གི་ འདེམས་ངོ་སྦེ་ དོ་འགྲན་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རྡོ་སྡེ་ཕུང་གཡུས་ཚན་ལས་ སྐྱེས་ལོ་༥༡ ལང་མི་ འདེམས་ངོ་གིས་ ཕི་ལི་པིནསི་གཙུག་ལག་སློབ་སྡེ་ལས་ མི་སྡེ་ནགས་ཚལ་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ ནགས་ཚལ་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ བཀྲིས་སྒང་འཁང་མ་ལུ་ སོ་ནམ་གོང་འཕེལ་གྱི་ རྒྱལ་སྤྱི་མ་དངུལ་དང་གཅིག་ཁར་ ལྟ་རྟོག་དང་ ཞིབ་དཔྱད་འགོ་དཔོན་སྦེ་ ལཱ་འབད་ནུག།
དེ་མ་ཚད་ ལྷུན་རྩེ་དང་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་རབ་ཀྱི་ ལཱ་འགན་ཡང་ འབག་ཡོད་པའི་ཁར་ ཧེལ་བི་ཊཱསི་ སུ་ཡིཛ་རྒྱལ་སྤྱི་མཉམ་འབྲེལ་ནང་ཡང་ རང་དབང་གི་གྲོས་སྟོན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ལཱ་གཡོག་ནང་ལས་ དགོངས་ཞུ་མ་འབད་བའི་ཧེ་མར་ རིན་ཆེན་གྱིས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ནང་ ལུང་ཕྱོགས་འཛིན་སྐྱོང་པ་སྦེ་ ལོ་༣ དེ་ཅིག་ ལཱ་འབད་ཡོདཔ་ཨིན་པས།
རིན་ཆེན་གྱིས་ སླབ་མིའི་ནང་ ཁོ་རའི་ཤེས་ཚད་དང་ ཉམས་མྱོང་དང་འཁྲིལཝ་ད་ བཙག་འཐུ་ནང་ འདེམས་ངོ་སྦེ་ འཐོན་ནི་ལུ་ ཐེ་ཚོམ་ག་ནི་ཡང་མེད་ཟེར་ཨིནམ་ད་ སྲིད་བྱུས་དང་ ཁྲིམས་བཟོ་བསྐྱར་ཞིབ་ནང་ གྲོས་བསྟུན་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ མི་སེར་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞལམ་སྒང་གི་ མི་སེར་ཚུ་གིས་ འཇོན་ཐངས་ཅན་དང་ ཁྱད་རིག་ཅན་གྱི་ འདེམས་ངོ་ཅིག་ བཙག་འཐུ་འགྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *