ནག་རླུང་ཚད་ལྡན་ཐོག་ བཞག་དགོ་པ་ཅིན་ སྣུམ་འཁོར་ཚད་འཛིན་འབད་དགོཔ།

༉ འབྲུག་འདི་ བཙོག་རླུང་མེད་པའི་ རྒྱལ་ཁབ་ཅིག་སྦེ་ ཡོངས་གྲགས་ཐོན་ཏེ་ཡོདཔ་བཞིན་དུ་ མཐའ་ཁོར་གནས་སྟངས་ཀྱི་ ཐད་ལས་འབད་རུང་ བཙོག་གྲིབ་མ་ཞུགས་པར་ སྐྱེ་ལྡན་རིགས་སྣ་གིས་ཕྱུག་སྟེ་ཡོདཔ་ལས་ ཕྱི་མི་མང་ཤོས་ཅིག་གིས་ར་ འབྲུག་ལུ་ ལྟ་སྐོར་འབད་བར་ འོང་ནི་གི་ སྤྲོ་བ་བསྐྱེདཔ་ཨིན་མས།
ཨིན་རུང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་གིས་ ཚད་འཛིན་གྱི་ ཐབས་ལམ་ཚུ་ མ་བཏོན་པ་ཅིན་ སྤྱི་ལོ་༢༠༣༠ ལུ་ སྐྱེལ་འདྲེན་སྡེ་ཚན་ལས་ཐོན་མི་ དུ་པ་གནགཔོ་ཚུ་གི་ གནས་ཚད་དེ་ གསུམ་ལྟབ་ཡར་འཕར་འགྱོ་འོང་ཟེར་ བཀོད་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
འབྲུག་གིས་ སྤྱི་ལོ་༢༠༡༡ ལུ་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་ཀྱི་ དཔྱད་གཞི་མཐུན་གྲོས་ལུ་རྒྱལ་ཁབ་ནང་ བཙོག་རླུང་ཐོན་ཚད་ཡོངས་འབོར་ལས་ བརྒྱ་ཆ་༢༠ སྣུམ་འཁོར་ཚུ་གི་ ནག་རླུང་ཨིནམ་སྦེ་ སྙན་ཞུ་འབད་ཡོད་རུང་ སྤྱི་ལོ་༢༠༡༢ མཇུག་བསྡུཝ་ད་ ལོ་༡༢ ནང་ ནག་རླུང་བརྒྱ་ཆ་༣༠ དེ་ཅིག་ ཡར་འཕར་སོང་ནུག།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་ ཉུང་ཤོས་བརྒྱ་ཆ་༡༥ དེ་རེ་ ཡར་སེང་འགྱོ་མི་ལུ་ བལྟ་བ་ཅིན་ ནག་རླུང་གི་ ཚད་གཞི་ཡར་སེང་འགྱོ་ནི་གི་ འོས་འབབ་སྦོམ་ཡོད་མི་དེ་ཡང་ འདས་པའི་ཉིན་གྲངས་༩༠ འི་ནང་ན་ འབྲུག་གིས་ སྣུམ་འཁོར་༡,༥༠༥ དེ་ཅིག་ ནང་འདྲེན་འབད་ཡོདཔ་ལས་ ཚོད་རྩིས་བཏོནམ་ད་ འབྲུག་མི་༧ ལུ་ སྣུམ་འཁོར་རེ་ འཆང་སྟེ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
སྤྱི་ཟླ་༧ པའི་ཚེས་༢༥ ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ གསར་བཏོན་འབད་མི་ ལོ་ཕྱེད་ཀྱི་ བརྡ་དོན་དང་ སྐྱེལ་འདྲེན་གནས་སྡུད་༢༠༡༩ ཅན་མའི་ནང་ ད་རེས་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༡༠༣,༨༡༤ ཡོདཔ་བཞིན་དུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ སྔོན་རྩིས་དང་འཁྲིལ་བ་ཅིན་ འབྲུག་ལུ་ སྤྱི་ལོ་༢༠༣༠ ལུ་ སྣུམ་འཁོར་གྱི་ གྱངས་ཁ་༡༨༠,༠༠༠ ལུ་ ལྷོད་ནི་དང་ སྣུམ་འཁོར་གྱི་ ནག་རླུང་དང་ བཙོག་རླུང་གི་ ཚད་གཞི་ཡང་ མེ་ཊིག་ཊཱན་༦༦༠,༠༠༠ ལྷོད་ནི་མས་ཟེར་བཀོད་ནུག།
དེ་འབདཝ་ད་ ད་རེས་ནངས་པའི་ གནས་སྟངས་ལུ་ བལྟ་བ་ཅིན་ སྤྱི་ལོ་༢༠༣༠ ལུ་ སྣུམ་འཁོར་གྱི་གྱངས་ཁ་༢༠༠,༠༠༠ ལྷགཔ་ཅིག་ལུ་ ཡར་སེང་འགྱོ་ནི་ཨིནམ་ད་ སྣུམ་འཁོར་ཚུ་ཡང་ སྤྱི་ལོ་༢༠༠༡ ལས་ དུས་ཅི་སྤྱི་ཟླ་༣ པ་ཚུན་ཚོད་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༡༠༣,༨༡༤ ཡོད་མི་ལས་ སྒེར་འཁོར་༩༦,༦༣༣ དང་ གཞུང་འཁོར་༧,༡༡༨ ཡོདཔ་བཞིན་དུ་ ཐིམ་ཕུག་ལུང་ཕྱོགས་རྐྱངམ་གཅིག་གི་ནང་ར་ སྣུམ་འཁོར་༣༧,༧༥༥ འདུག་ཟེར་ཨིན་མས།
བཙོག་རླུང་ཚུ་ མང་ཤོས་ར་ ལམ་འགྲུལཔ་འབག་མི་ སྣུམ་འཁོར་དང་ སྣུམ་འཁོར་ཆེ་བ་ལས་ ཐོན་དོ་ཡོདཔ་ད་ གལ་སྲིད་ ང་བཅས་རའི་ མཐའ་འཁོར་གནས་སྟངས་ཚུ་ བཙོག་པ་བཟོ་བའི་བསྒང་ལས་ འགྲོ་བ་མིའི་གཟུགས་ཁམས་འཕྲོད་བསྟེན་ཚུ་ལུ་ ཐོ་ཕོག་ནི་དང་ ནད་རིགས་མ་འདྲཝ་འཐོབ་ཉེན་ཡོད་པའི་ཁར་ སྐྱེ་ལྡན་རིགས་སྣ་ཚུ་ཡང་ བཙོག་གྲུབ་ཞུགས་ནི་གི་ ཉེན་ཁ་ཡོདཔ་ཨིན།
རྒྱལ་ཁབ་ནང་ ནག་རླུང་དང་ བཙོག་རླུང་མར་ཕབ་དང་ ཚད་འཛིན་ཐོག་ བཞག་ཐབས་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གྲོས་འདེབས་བཀོད་དོ་བཟུམ་ མར་ཁུའི་སྤུས་ཚད་ཀྱི་ ཚད་གཞི་ཡར་སེང་དང་ སྣུམ་འཁོར་ནང་འདྲེན་བཀག་འཛིན་འབད་ནི་དེ་ གལ་ཆེཝ་སྦེ་མཐོངམ་མས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *