ན་ལོན་འབྲི་ལྷག་ཤེས་ཡོན་ཚད་གཞི་ བརྒྱ་ཆ་༡༠༠ འགྲུབ་ནིའི་དམིགས་གཏད།

༉ འབྲུག་གིས་ སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ ན་ལོན་འབྲི་ལྷག་ཤེས་ཡོན་ཚད་གཞི་ བརྒྱ་ཆ་༡༠༠ འགྲུབ་ནིའི་དམིགས་གཏད་བསྐྱེད་མི་དེ་ལུ་ རྗེས་སུ་དཔྱད་ལྟཝ་ད་ དམིགས་གཏད་འགྲུབ་ནི་ལུ་ ལཱ་ཁག་རྐྱབ་ནི་བཟུམ་ཅིག་སྦེ་ མཐོངམ་ཨིན་མས།
ཨིན་རུང་ ད་ལྟོ་ འབྲུག་གི་སྤྱིར་བཏང་འབྲི་ལྷག་ཤེས་ཡོན་གྱི་ ཚད་གཞི་དེ་ བརྒྱ་ཆ་༧༡.༤ ལུ་ལྷོད་ནི་དེ་གིས་ འགྲུབ་མ་ཚུགསཔ་ཅིག་ མི་འོང་ནི་ཨིནམ་ད་ ཤེས་རིག་འགོ་དཔོན་ཚུ་གིས་འབད་རུང་ དམིགས་གཏད་འགྲུབ་ཚུགས་པའི་ རེ་འདོད་བསྐྱེདཔ་ཨིན་མས།
ན་ལོན་གྱི་ འབྲི་ལྷག་ཤེས་ཡོན་ཚད་གཞི་ནང་ དམིགས་བསལ་གྱི་ འགྱུར་བ་འབག་འོང་ནིའི་དོན་ལུ་ སློབ་གྲྭ་དང་ ཆེ་རིམ་ཤེས་ཡོན་ལམ་ལུགས་ལུ་ བརྟེན་སྡོད་ནི་དེ་ དགོས་མཁོ་དང་ མ་མཐུནམ་ཅིག་ཨིནམ་ད་ དཔེ་འབད་བ་ཅིན་ ན་གཞོན་གྱི་ འབྲི་ལྷག་ཤེས་ཡོན་ཚད་གཞི་དེ་ ད་ལྟོ་ལས་ར་ བརྒྱ་ཆ་༩༥ དེ་ཅིག་ལུ་ ལྷོད་ནི་དེ་གིས་ དམིགས་གཏད་བསྒྱུར་བཅོས་འབད་ཞིནམ་ལས་ དེ་བསྒང་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མ་ཚུགས་པའི་ མི་འབོར་སྡེ་ཚན་ལུ་ གཙོ་རིམ་བཟུང་དགོཔ་འདུག།
ཤེས་རིག་ལྷན་ཁག་འོག་གི་ གཞི་རྟེན་ཤེས་ཡོན་ལས་རིམ་གྱིས་ རྒྱལ་ཡོངས་ན་ལོན་གྱི་ འབྲི་ལྷག་ཤེས་ཡོན་ཚད་གཞི་ ཡར་སེང་གཏང་ནི་ལུ་ མཐར་འཁྱོལ་སྦོམ་བྱུང་ཡོདཔ་མ་ཚད་ དམིགས་བསལ་གྱི་ ཕན་འདེབས་འབད་ཡི།
གཞི་རྟེན་ཤེས་ཡོན་ལས་རིམ་ཐོག་ལས་ ད་ལྟོའི་བར་ན་ཡང་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སྡེ་ཚུ་ནང་ དཔེ་ཆ་བལྟ་ནིའི་ གོ་སྐབས་མ་ཐོབ་མི་ ན་ལོན་ཚུ་ལུ་ འབྲི་ལྷག་ཤེས་ཡོན་གྱི་གཞི་རྟེན་དང་ རྩིས་ཀྱི་ཤེས་ཡོན་ དེ་ལས་ ལག་ལེན་རིག་རྩལ་ཚུ་ ཁྱབ་ཆེ་དྲགས་སྦེ་ར་ སློབ་སྟོན་འབད་དོ་ཡོདཔ་ལས་ ཡོངས་གྲགས་ཐོན་བཞིན་དུ་ཡོད།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ ལྟེ་བ་༥༦༠ ཡོད་མི་ཚུ་ནང་ གཞི་རྟེན་ཤེས་ཡོན་ལྷབ་མི་༦,༠༠༠ ལྷགཔ་ཅིག་གིས་ འབྲི་ལྷག་ཤེས་ཡོན་གྱི་གཞི་རྟེན་དང་ ཆེ་རིམ་ཤེས་ཡོན་གྱི་ སློབ་སྦྱོང་ལས་རིམ་ཚུ་ནང་ བཅའ་མར་གཏོགས་པའི་བསྒང་འདུག།
ད་ལྟོ་ ཐད་ཀར་དུ་ ག་ཅི་འབད་དགོཔ་འདུག་ཟེར་བ་ཅིན་ གཞི་རྟེན་ཤེས་ཡོན་ལྟེ་བ་ཚུ་ ཁུངས་ལྡན་དང་ ཕན་ནུས་ཅན་བཟོ་དགོཔ་མ་ཚད་ འཛུལ་ཞུགས་ཡར་སེང་རྐྱབ་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ཡང་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་དགོཔ་འདུག།
ལོ་རྒྱུས་དང་འཁྲིལཝ་ད་ གཞི་རྟེན་ཤེས་ཡོན་ལས་རིམ་ཚུ་ནང་ སློབ་སྟོན་པ་དང་ ལྷབ་སྦྱང་འབད་མི་གཉིས་ཆ་ར་ ཨམ་སྲུ་མངམ་སྦེ་ཡོདཔ་ཨིན་མས།
ད་རེས་ཁམས་ཀྱི་ ལོ་ཚུ་ནང་ གཞི་རྟེན་ཤེས་ཡོན་ལས་རིམ་ནང་ལས་ ཕྱིར་ཐོན་འབད་མི་ ལེ་ཤ་ཐོན་དོ་ཡོདཔ་མ་ཚད་ ལྟེ་བ་ནང་ འཛུལ་ཞུགས་འབད་མིའི་ གྱངས་ཁ་ཡང་ མར་བབས་འགྱོ་དོ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ དམིགས་གཏད་བསྐྱེད་མི་ མི་འབོར་ཚུ་ ཧ་ལམ་ གྲལ་གཏོགས་འབད་ཚར་ནི་དེ་གིས་ཨིནམ་ད་ ཨིན་རུང་ ཧེ་མ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཚུ་གིས་ཡང་ མ་འོངས་པ་ལུ་ ལྟེ་བ་དེ་ཚུའི་ནང་ འཛུལ་འདོད་བསྐྱེད་སྲིད་ནི་ཨིནམ་ལས་ ཐབས་བྱུས་བཏོན་དགོཔ་ཁག་ཆེ་བས།
ན་ལོན་འབྲི་ལྷག་ཤེས་མིའི་ ཚད་གཞི་ཡར་སེང་འབད་ནི་དང་ འབྲི་ལྷག་མ་ཤེས་མི་ཚུ་ལུ་ ལྷབ་ནིའི་གོ་སྐབས་བྱིན་ནི་ དེ་ལས་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ལས་ མི་ཚེའི་རིང་ ལྷབ་སྦྱང་འབད་ནིའི་ གོ་སྐབས་བྱིན་ནི་དེ་ གཞི་རྟེན་ཤེས་ཡོན་ལས་རིམ་ལུ་ རག་ལས་ནི་ཨིན་མས།
ན་ལོན་གྱི་ འབྲི་ལྷག་ཤེས་ཡོན་ཚད་གཞི་ བརྒྱ་ཆ་༡༠༠ འགྲུབ་ནི་དེ་ཡང་ ང་བཅས་རའི་ གཞི་རྟེན་ཤེས་ཡོན་ལས་རིམ་གྱི་ བཙོན་ཤུགས་དང་ ཚ་གྱང་ དེ་ལས་ གྲུབ་འབྲས་དང་འཁྲིལ་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *