གཞི་རྟེན་ཤེས་ཡོན་ལྟེ་བའི་ནང་ དཔེ་ཆ་ལྷབ་མི་ཚུ།

ན་ལོན་འབྲི་ལྷག་བརྟག་ཞིབ་ཀྱིས་ གཞི་རྟེན་ཤེས་ཡོན་ལྷབ་ནིའི་ གོ་སྐབས་ཐོབ་ཡོདཔ།

༉ རྒྱལ་ཁབ་ནང་ གཞི་རྟེན་ཤེས་ཡོན་ལས་རིམ་གྱིས་ སློབ་གྲྭ་ནང་ འཛུལ་ཞུགས་མ་འབད་མི་ གྲོང་གསེབ་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ འབྲི་ལྷག་ཤེས་ཡོན་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཧ་གོ་སྟེ་ཡོདཔ་ཨིན་པས།
དཔྱེ་འབད་བ་ཅིན་ བཀྲིས་གཡང་རྩེ་རྫོང་ཁག་ བཙན་མཁར་ལ་སློབ་གྲྭ་ལྟེ་བ་གིས་ ན་ལོན་འབྲི་ལྷག་ཤེས་ཡོན་གྱི་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལས་ སློབ་གྲྭའི་ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་སྡོད་མི་ ན་ལོན་ཚུ་གི་དོན་ལུ་ དུས་ཅི་སྤྱི་ཟླ་༨ པ་ལས་ གཞི་རྟེན་ཤེས་ཡོན་ལྟེ་བ་ཅིག་ སློབ་གྲྭ་དེ་ནང་ ལོག་སྒོ་ཕྱེ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་འོགམ་ དཀར་ཅུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞི་རྟེན་ཤེས་ཡོན་ལྟེ་བ་ཅིག་ དགོ་པའི་སྐོར་ལས་ ཉེ་འདབས་ཀྱི་ ཕམ་དག་པ་ཅིག་གིས་ སློབ་གྲྭ་ལུ་ ཡི་གུ་བཙུགས་ཡོདཔ་མ་ཚད་ ཉིན་མར་སོ་ནམ་གྱི་ ལཱ་ཚུ་ལས་ དལ་ཁོམ་མེད་རུང་ དཔེ་ཆ་ལྷབ་དགོ་མནོ་མི་ རྒན་རྒས་ལེ་ཤ་ཡོད་པའི་ཁར་ ལོ་ངོ་བཅུ་ཕྲག་༡ གི་རྒྱབ་ལས་ གཞི་རྟེན་ཤེས་ཡོན་ལྟེ་བ་ ལོག་འགོ་བཙུགས་ཚུགས་མི་དེ་ཡང་ ན་ལོན་འབྲི་ལྷག་ཤེས་ཡོན་བརྟག་ཞིབ་ཀྱི་ གྲུབ་འབྲས་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འབྲི་ལྷག་ ཤེས་ཡོན་མེད་པའི་བསྒང་ལས་ ཐ་ན་ སྔ་ཕྱིའི་ཁ་ཐུན་ཅིག་ཡང་ གཏང་མ་ཤེས་པར་ ལུས་དོ་ཡོདཔ་ལས་ གཞན་ག་ནི་ཡང་མ་ཤེས་རུང་ ལོ་༢ ཀྱི་རྒྱབ་ལས་ དྲོ་པ་དང་ ཕྱི་རུའི་ཁ་ཐུན་ གཏང་ཚུགས་པའི་ རེ་བ་དང་ གཞན་གྱིས་བྲིས་མི་ཚུ་ ལྷག་ཚུགས་པའི་ རེ་བ་བསྐྱེད་དེ་ གཞི་རྟེན་ཤེས་ཡོན་ལྷབ་པར་འོང་ཡི་ཟེར་ཨིན་པས།
གཞི་རྟེན་ཡོན་ལྷབ་མི་ཚུ་གི་གྲས་ལས་ རྒན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༥༣ ལང་མི་ པདྨ་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་ རིན་མེད་སྟོང་པར་གནངམ་ད་ འབྲི་ལྷག་གི་ ཡོན་ཏན་དེ་ རྒན་གཞོན་ག་ར་ལུ་ཁག་ཆེཝ་ལས་ སོ་ནམ་གྱི་ ལཱ་འབད་དགོཔ་ ལེ་ཤ་ཡོད་རུང་ གོ་སྐབས་ལེན་ཏེ་ དཔེ་ཆ་ལྷབ་པར་འོང་ཡི་ཟེར་ཨིན་པས།
སློབ་སྟོན་པ་ ཀུན་བཟང་ལྷུན་གྲུབ་ཀྱིས་འབད་བ་ཅིན་ གཞི་རྟེན་ཤེས་ཡོན་དེ་ ལོ་༢ ཀྱི་རིང་ སློབ་སྟོན་འབད་མི་དེ་ཡང་ ལོ་༡ པའི་ནང་ གཞི་རྟེན་ཤེས་ཡོན་དང་ ལོ་༢ པ་དེ་ ཁ་སྐོང་ཤེས་ཡོན་སྟོན་དོ་ཟེར་ཨིནམ་ད་ ཁ་སྐོང་ཤེས་ཡོན་སྐབས་ ཨིང་ལིཤ་གི་ ཆོས་ཚན་ཡང་ སློབ་སྟོན་འབད་ནི་ཡོད་ཟེར་ཨིན་པས།
ཁ་སྐོང་ཤེས་ཡོན་དེ་ མཇུག་བསྡུཝ་ད་ གཞི་རྟེན་གྱི་ འབྲི་ལྷག་དང་ སྔ་ཕྱི་གི་ ཁ་ཐུན་ཚུ་ གཏང་ནི་རྐྱངམ་གཅིག་མེན་པར་ ཁག་ཆེ་བའི་ གཏང་ཡིག་དང་ ཞུ་ཡིག་ཚུ་ཡང་ འབྲི་ཚུགས་དོ་ཡོདཔ་ཨིན་པས།
ཀུན་བཟང་ལྷུན་གྲུབ་དེ་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་སྦེ་ ལོ་༡༦ དེ་ཅིག་ ལང་ཡོདཔ་ད་ ཁོ་གིས་ ཧེ་མ་ དཔེ་ཆ་བལྟ་ནིའི་ གོ་སྐབས་མ་ཐོབ་པར་ལུས་མི་ ཕམ་རྒན་ཤོས་དང་ ན་གཞོན་ཚུ་ལུ་ སློབ་སྟོན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ནང་ གཞི་རྟེན་ཤེས་ཡོན་ལྷབ་མི་༡༨ ཡོད་མི་ལས་ མང་ཤོས་ར་ ཨམ་སྲུ་ཚུ་ཨིནམ་ད་ ཁོང་ལུ་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༣ རེ་ སློབ་སྟོན་འབདཝ་ཨིན་པའི་གནས་ཚུལ།
སྟོང་ཞངཔ་
འཇམ་དབྱངས་ཕུན་ཚོགས།
བཙན་མཁར་ལ་སློབ་གྲྭ་ལྟེ་བ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *