ལཱ་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ ན་གཞོན་འབྲེལ་འཛིན་དང་ འཚོ་ཐབས་ལས་རིམ་གྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

ན་གཞོན་འབྲེལ་འཛིན་འཚོ་ཐབས་དང་ འཕྲུལ་རིག་ལཱ་སྦྱོང་ལས་རིམ་འགོ་འབྱེད།

༉ ད་རེས་ནངས་པར་ ལཱ་འབད་ནི་དང་ ཤེས་ཡོན་སྦྱང་ནིའི་ ལས་རིམ་ནང་ རྩོད་རྙོགས་ཐོན་པའི་ ནམ་དུས་ལུ་ ད་རུང་ ཁ་ཙ་ ན་གཞོན་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ ལས་གཡོག་ལྷན་ཁག་གིས་ འཕྲུལ་རིག་ལཱ་སྦྱོང་ལས་རིམ་གསརཔ་ འགོ་འབྱེད་འབད་ཡི།
དེ་ཡང་ འབྲུག་པའི་ན་གཞོན་ཚུ་ འཕྲུལ་རིག་ལཱ་སྦྱོང་འབད་བར་ ཇ་པཱན་ལུ་ གཏང་ནི་ཨིནམ་ད ལས་རིམ་གྱིས་ ན་གཞོན་ཚུ་ལུ་ འཕྲུལ་རིག་གི་ རིག་རྩལ་དང་ ཤེས་ཡོན་ དེ་ལས་ ལྕོགས་གྲུབ་འཐོབ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
འགོ་འབྱེད་སྐབས་ ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ ད་ལྟོའི་ ལས་རིམ་དང་ ཧེ་མའི་ལས་རིམ་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ ལས་རིམ་༢ དང་ མི་འདྲ་ཟེར་ བཤད་མི་དེ་ཡང་ ད་རེས་ཀྱི་ འཕྲུལ་རིག་ལཱ་སྦྱོང་དེ་ འབྲུག་དང་ ཇ་པཱན་གཞུང་གི་བར་ན་ ཆིངས་ཡིག་བཀོད་ཐོག་ལས་ བཟོ་མི་ལུ་བརྟེན་ཨིན་པས།
དེ་མ་ཚད་ ཇ་པཱན་གྱི་ བློན་པོ་དང་ འབྲེལ་ཡོད་འགོ་དཔོན་ཚུ་དང་ གྲོས་བསྟུན་རྒྱས་པར་ གནང་སྟེ་བཟོ་ཡོདཔ་ལས་ བསྟར་སྤྱོད་འབད་བའི་སྐབས་ སྟབས་བདེ་ཏོག་ཏོ་འབྱུང་འོང་ཟེར་ཨིནམ་ད་ ལས་རིམ་དེ་ ཧེ་མ་ལས་ རྒྱལ་ཁབ་གཞན་ཚུ་གིས་ བསྟར་སྤྱོད་དང་ མཉམ་འབྲེལ་འབད་མི་དང་འཁྲིལ་ཏེ་ ཞིབ་འཚོལ་འབད་ཡི་ཟེར་ཨིན་པས།
ལས་རིམ་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ལས་གཡོག་བློན་པོ་གིས་ འགོ་ཁྲིད་ཐོག་ ཆེ་རིམ་གནས་ཚད་ཀྱི་ འཐུས་མི་སྡེ་ཚན་ཅིག་ ཇ་པཱན་ལུ་སོང་སྟེ་ གན་ཡིག་གུ་ མཚན་རྟགས་བཀོད་ཡོད་པའི་ གྲུབ་འབྲས་ཅིག་ཡང་ཨིན་པས།
ལས་གཡོག་བློན་པོ་གིས་འབད་བ་ཅིན་ ཧེ་མའི་ ལས་རིམ་ཚུ་ནང་ འཐུས་ཤོར་བྱུང་མི་ག་ར་ ཡོན་ཏན་བཟུམ་སྦེ་ ལེན་ཞིནམ་ལས་ བཅོས་ཁ་རྐྱབ་སྟེ་བཟོ་བའི་ ལས་རིམ་ཅིག་ཨིནམ་ལས་ གྱངས་ཁ་ཉུང་སུ་སྦེ་ གཏང་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ལས་རིམ་ནང་ ན་གཞོན་ཚུ་ ལཱ་འབད་ནི་དང་ ཤེས་ཡོན་སྦྱང་ནི་གི་ ལས་རིམ་བཟུམ་སྦེ་ ཚར་གཅིག་གུ་ ན་གཞོན་བརྒྱ་ལས་བཅད་དེ་ གཏང་ནི་མེན་པར་ དབྱེ་ཁག་དང་པའི་ནང་ ན་གཞོན་༢༥ དེ་ཅིག་ གཏང་འོང་ཟེར་ཨིན་པས།
ལྷན་ཁག་གིས་ ཐད་ཀར་དུ་ ལག་ལེན་འཐབ་ནི་ཨིན་མི་ ལས་རིམ་དེ་ལུ་ བརྩོན་ཤུགས་ཐེབས་ བསྐྱེད་ཐོག་ལས་ ཕན་ཐོགས་ཅན་ཅིག་གི་ ལས་རིམ་ཅིག་སྦེ་ བཟོ་ནི་གི་ དམིགས་འཆར་བསྐྱེདཔ་བཞིན་དུ་ ང་བཅས་ཀྱིས་ གྱངས་ཁ་ཉུང་སུ་ རིག་རྩལ་ཤེས་ཡོན་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ ལས་གཡོག་བློན་པོ་གིས་ བཤད་ཅི།
ལྷན་ཁག་གི་ གཡོག་སྤྲོད་འགོ་དཔོན་གོངམ་ འཆི་མེད་རིག་འཛིན་གྱིས་ སླབ་མིའི་ནང་ འབྲུག་པའི་ན་གཞོན་ཚུ་ ལོ་༣ གྱི་རིང་ ཇ་པཱན་གྱི་ ལག་ལེན་ལས་སྡེ་ཚུ་ནང་ ལཱ་སྦྱོང་གི་དོན་ལུ་ གཏང་ནི་ཨིནམ་བཞིན་དུ་ ལཱ་སྦྱོང་དུས་ཡུན་དེ་ ལོ་༥ ལུ་ ཡར་སེང་འབད་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ན་གཞོན་ཚུ་ ལཱ་སྦྱོང་འབད་སྡོད་པའི་སྐབས་ ལྟོ་ཕོགས་དང་ སྡོད་གནས་ཚུ་ ལཱ་གཡོག་བྱིན་མི་ ལས་སྡེ་ཚུ་གིས་ བྱིན་དགོཔ་བཞིན་དུ་ རྒྱལ་ཁབ་ནང་ ལྷོད་ཞིནམ་ལས་ ཁོང་ར་གིས་ ལཱ་གཡོག་འཚོལ་དགོཔ་མ་ཚད་ ལཱ་འབད་ནིའི་ སྐྱོན་ཐམ་ཐོབ་པ་ཅིན་ ཇ་པཱན་ལུ་ ལཱ་འབད་སྡོད་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།
ཁ་ཙ་ ལས་རིག་གསརཔ་༡ པོ་དེ་ ན་གཞོན་འབྲེལ་འཛིན་དང་ འཚོ་ཐབས་ལས་རིམ་ཅིག་ འགོ་འབྱེད་འབད་ཡོདཔ་ད་ ལྷན་ཁག་གིས་ ལོ་༡ གི་ནང་འཁོད་ལུ་ ན་གཞོན་༧༠༠ དེ་ཅིག་ལུ་ ལཱ་གི་གོ་སྐབས་བྱིན་ནི་ཨིན་པས།
འབྲེལ་འཛིན་དང་ འཚོ་ཐབས་དེ་ ལཱ་གཡོག་འཚོལ་མི་ཚུ་ལུ་ ལཱ་འབད་ནི་གི་ སློབ་གྲྭ་བཟུམ་ཅིག་ཨིནམ་ད་ དེ་གིས་ ཁོང་རའི་ རིག་རྩལ་དང་ ཉམས་མྱོང་ལུ་ ལྷན་ཐབས་འབད་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
དེ་བསྒང་ ལས་གཡོག་ལྷན་ཁག་དང་ ལཱ་སྤྲོད་མི་ལས་སྡེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ དཔལ་འབར་གློག་ཆས་ དེ་ལས་ པཱན་སྦང་ན་གཞོན་མཉམ་ལས་ཚུ་གི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་ཅིག་ཡང་བཀོད་ཅི།
ལས་རིམ་དེ་ནང་ སོ་ནམ་དང་བཟོ་སྐྲུན་ལུ་ གཙོ་རིམ་བཟུང་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ནང་ཡང་ བཙུགས་ཏེ་ཡོདཔ་ད་ འཆར་གཞི་༡༢ པའི་ནང་ ན་གཞོན་༦,༠༠༠ དེ་ཅིག་ལུ་ འཚོ་ཐབས་ཀྱི་ རྒྱབ་སྐྱོར་བྱིན་ནི་དང་ འབྲེལ་འཛིན་སྦེ་ བཞག་ནི་ཨིན་པས།
ད་རེས་ ལས་རིམ་ཐོག་ལུ་ ན་གཞོན་༦༥༣ དེ་ཅིག་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ལོ་བསྟར་བཞིན་དུ་ ན་གཞོན་༥༠༠ དང་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ནང ན་གཞོན་༡༣༤ པཱན་སྦང་ན་གཞོན་མཉམ་ལས་སྡེ་ཚན་ནང་༩ དེ་ལས་ དཔལ་འབར་གློག་ཆས་ཉམས་བཅོས་ལས་སྡེ་གིས་ ན་གཞོན་༡༠ ལཱ་གཡོག་གི་གོ་སྐབས་ བྱིན་ནི་ཨིན་པས།
ལོ་༡ ནང་འཁོད་ལུ་ ལས་རིམ་དེ་གིས་ ན་གཞོན་༡,༥༠༠ ལུ་ རྒྱབ་སྐྱོར་བྱིན་ནི་ཨིནམ་ད་ ལས་རིམ་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཇོམས་ལྷན་ཚོགས་ཀྱིས་ ཐད་ཀར་ལཱ་གཡོག་ལས་རིམ་དེ་ བརྟག་ཞིབ་འབད་ཡོད་པའི་ སྙན་ཞུ་དང་འཁྲིལ་ཏེ་ བཟོ་ཡི་ཟེར་ ལས་གཡོག་བློན་པོ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ལས་རིམ་དེ་ བསྟར་སྤྱོད་འབད་བའི་སྐབས་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ དུམ་གྲ་རེ་ འབྱུང་སྲིད་ནི་ཨིན་རུང་ ལེགས་བཅོས་འབད་ཐོག་ལས་ ལས་རིམ་དེ་ གྲུབ་འབྲས་ཅན་ཅིག་སྦེ་ འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལས་རིམ་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་ཚུ་ཡང་ འཕྲལ་མགྱོགས་ར་ འབད་ནི་ཨིནམ་ད་ ལས་རིམ་ནང་ དད་འདོད་ཡོད་མི་ཚུ་ཡང་ ལཱ་གཡོག་འཚོལ་མི་སྦེ་ ལྷན་ཁག་དང་ ཐོ་བཀོད་འབད་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *