སློབ་རིམ་༡༢ པ་མཇུག་བསྡུ་མི་ ཀུན་དགའ་གིས་ ནོར་ལུ་རྩྭ་བྱིན་པའི་བསྒང་།

ན་གཞོན་ཚུ་གིས་ ལཱ་གཡོག་ཐོབ་རུང་ མ་ཐོབ་རུང་ ཁྲོམ་སྡེ་ནང་ར་ གདམ་ཁ་རྐྱབ་དོ་ཡོདཔ།

༉ འབྲིང་རིམ་སློབ་གྲྭ་བར་མ་དང་ གོང་མ་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ ལཱ་གཡོག་འཐོབ་ནི་དེ་ ལཱ་ཁག་ཡོད་རུང་ ཨ་ལོ་ཚུ་གིས་ རང་སོའི་ཕམ་ཚུ་ལུ་ ཆ་རོགས་འབད་དེ་ གཡུས་ཁར་སྡོད་ནི་དེ་ གདམ་ཁ་མཐའ་མ་ཨིན་པས།
མ་གཞི་ གཞུང་གིས་ ན་གཞོན་ཤེས་ཡོན་ཅན་ཚུ་ གྲོང་གསེབ་ནང་ལས་ཕར་ སོ་ནམ་པ་སྦེ་ སྡོད་བཅུག་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་བཞིན་དུ་ཡོད་རུང་ མཐར་འཁྱོལ་བྱུང་དོ་བཟུམ་ཅིག་ མི་མཐོངམ་མས།
དཔེར་ན་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མཐའ་ཟུར་ས་གནས་ ཕི་ལུ་མ་སྤྱི་འོག་ནང་ མཐོ་རིམ་ཤེས་ཡོན་ལྷབ་མ་ཚུགས་མི་ ན་གཞོན་ལེ་ཤ་ཅིག་ གཡུས་ཁར་སྡོད་མ་བཏུབ་པར་ རྫོང་ཁག་གཞན་ཚུ་ནང་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འགྱོ་བའི་ དཀའ་ངལ་ཡོདཔ་བཟུམ་སྦེ་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ འོང་སྡོད་མི་ལུ་བརྟེན་ གཡུས་ཁར་ཕམ་ལོ་ན་རྒས་མི་ རྐྱངམ་གཅིག་ལུས་ནུག།
ཕུ་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ ཉི་མེད་ལུ་ ཨ་ལོ་༣ ཡོདཔ་ཨིན་རུང་ ཁོང་ག་ར་ ཐིམ་ཕུག་ལུ་སོང་ཡོདཔ་་ཨིན་པས།
མོ་གིས་ སླབ་མིའི་ནང་ གཡུས་ཁར་སྡོད་མི་ མོ་དང་ རྨགཔ་རྐྱངམ་གཅིག་ཨིནམ་ལས་ ནོར་འཚོ་ནི་དང་ ཞིང་ནང་ལཱ་འབད་ནི་ དེ་ལས་ ལཱ་གཞན་འབད་དགོཔ་ཐོནམ་ད་ ཆ་རོགས་འབད་མི་མེདཔ་ལས་ དཀའ་ངལ་བྱུངམ་མས་ཨིན་པས།
ཉི་མེད་ཀྱི་ བུ་སྦོམ་ཤོས་ སྐྱེས་ལོ་༣༡ ལང་མི་ སྐལ་བཟང་ཆོས་གྲགས་དེ་ སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་དཔག་བསམ་ཁ་ལུ་ ལོ་༨ དེ་ཅིག་གི་རིང་ གནས་སྐབས་ཀྱི་ ལཱ་འབད་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ཁར་ གཏན་འཇགས་ཀྱི་ ལཱ་གཡོག་འཚོལ་བར་ ཐིམ་ཕུག་ལུ་འོང་ནུག།
སྐལ་བཟང་ཆོས་གྲགས་དེ་ ཐིམ་ཕུག་ལུ་ལྷོདཔ་ད་ ན་ཧིང་ སློབ་རིམ་བཅུ་པ་མཇུག་བསྡུ་མི་ ཁོ་རའི་ནུ་གཅུང་ ཀརྨ་ལྷུན་གྲུབ་དང་ཕྱད་ཡོད་རུང་ ཁོ་ཡང་ ཐིམ་ཕུག་ལུ་ ལཱ་གཡོག་འཚོལ་བར་འོང་སྟེ་ ཧ་ལམ་ལོ་ལང་སོ་ནུག།
སྐྱེས་ལོ་༢༠ ལང་མི་ ཀརྨ་ལྷུན་གྲུབ་ཀྱིས་ ད་ཚུན་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་གཡོག་གི་ ཡི་གུ་བཙུགས་ཡོད་རུང་ ཕྱི་སེལ་ཐོ་བཀོད་ནང་ར་ ཚུད་མ་ཚུགས་ཟེར་ བཤད་པའི་ཁར་ ས་སྟོང་འཐོན་ནི་ལུ་ བསྒུག་སྟེ་ཡོད་ཟེར་ བཤད་ཡོདཔ་ད་ ཁོང་ཕོ་སྤུན་༢ ཨ་ཞེམོ་དང་གཅིག་ཁར་ སྡོདཔ་ཨིན་པས།
ཉིན་མར་ཁྲོམ་ཁར་བཤལ་སྡོད་མི་ ཀརྨ་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ལཱ་གཡོག་འཐོབ་ནི་དེ་ འཇམ་ཏོང་ཏོ་མེདཔ་ལས་ ཨ་རྟག་ར་ ཨ་ཞེམོ་དང་ སྐུདཔོ་དང་གཅིག་ཁར་ སྡོད་ནི་ཡང་ གཡང་ཟ་དོ་ཡོདཔ་ལས་ འཕྲལ་འཕྲལ་ར་ གཡུས་ཁ་ལུ་ ལོག་འགྱོ་བ་ཅིན་ དྲག་ནི་མས་ཟེར་ མནོཝ་མས་ཟེར་ཨིན་པས།
ཐིམ་ཕུག་ལུ་ ལཱ་གཡོག་འཚོལ་བར་འོང་མི་ ཁོང་ཕོ་སྤུན་གཉིས་རྐྱངམ་གཅིག་མེན་པར་ ཕི་ལུ་མ་གཡུས་ཚན་ལས་ ན་གཞོན་༡༥ དེ་ཅིག་ཡོདཔ་ད་ ལཱ་གཡོག་འཚོལ་མི་༡ སྐྱེས་ལོ་༢༡ ལང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ན་ཧིང་ ཨོ་རོང་སློབ་གྲྭ་ལྟེ་བའི་ནང་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་ཡོད་རུང་ ལཱ་གཡོག་མ་ཐོབ་པར་ ཁོ་ཡང་ ཨ་ཞེམོ་དང་གཅིག་ཁར་ སྡོདཔ་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ད་ཚུན་ ཁོ་གིས་ དངུལ་ཁང་དང་ སྒེར་གྱི་ཡིག་ཚང་༢ དེ་ཅིག་ནང་ གཡོག་གི་ཞུ་ཡིག་བཙུགས་ཡོད་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁོ་ར་ གཡུས་ཁར་ལོག་འགྱོ་ནི་གི་ མནོ་བསམ་མེདཔ་ལས་ ལཱ་གཡོག་ཅིག་ འཚོལ་སྡོད་ནི་གི་ རེ་བ་ཡོད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་མི་དེ་ཡང་ གཡུས་ཁ་ལུ་ ཕམ་དང་གཅིག་ཁར་སྡོད་མི་ ཨ་ཞེམོ་ཡོདཔ་ལས་ ཕམ་གཉིས་བལྟ་མི་མེད་པའི་ ཚ་གྱང་མེད་མི་ལུ་བརྟེན་ཨིན་པས།
ཕི་ལུ་མ་གཡུས་ཚན་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་མ་ཚུགས་མི་ལས་ ན་གཞོན་༢ རྐྱངམ་གཅིག་གིས་ གཡུས་ཁར་སྡོད་ནི་གི་ སེམས་ཐག་བཅད་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༢༥ ལང་མི་ སྐལ་བཟང་ཆོས་སྒྲོན་གྱིས་ སྤྱི་ལོ་༢༠༡༡ ལས་ སློབ་རིམ་བཅུ་པ་མཇུག་བསྡུ་ཡོད་རུང་ ལཱ་གཡོག་ཐོབ་མ་ཚུགསཔ་ལས་ ལོག་གཡུས་ཁར་སོང་སྟེ་ ཕམ་དང་གཅིག་ཁར་ སྡོད་ནི་གི་ སེམས་ཐག་བཅད་ཡོདཔ་ཨིན་པས།


མོ་གིས་ སླབ་མིའི་ནང་ མོ་ ཐིམ་ཕུག་ལུ་འོང་སྟེ་ ལཱ་གཡོག་འཚོལ་ཡོད་རུང་ ལཱ་མ་ཐོབ་པའི་ཤུལ་ལས་ ལོག་གཡུས་ཁར་འོང་ཡི་ཟེར་ཨིནམ་ད་ ད་ལྟོ་ མོ་ར་ བསམ་གྲུབ་ལྗོངས་མཁར་ཚ་གྱང་ཚོགས་པ་གིས་ ཚོད་བསྲེ་འཛུགས་སྐྱོང་གི་ སྦྱོང་བརྡར་བྱིན་མིའི་ནང་བཅའ་མར་གཏོགས་ཏེ་ ཚོད་བསྲེ་བཙུགས་ནིའི་ ལཱ་འབདཝ་ཨིན་པས།
སྐལ་བཟང་ཆོས་སྒྲོན་ལུ་ གཡུས་ཁའི་མི་ཚུ་གིས་ ཚོགས་པའི་དོན་ལུ་ དོ་འགྲན་འབད་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ཡོད་རུང་ མོ་གིས་ སེམས་ཐག་བཅད་མ་ཚུགས་པར་ བཅའ་མར་གཏོགས་ནི་ལས་ འཛེམ་སྡོད་ཡོདཔ་ཨིན་པས།
ད་རུང་ ཕུ་གཡུས་ཚན་ལས་ ཀུན་དགའ་གིས་ སྤྱི་ལོ་༢༠༡༤ ལུ་ སློབ་རིམ་༡༢ པ་ མཐར་འཁྱོལ་ཡོད་རུང་ སྐུགས་ཚད་ལེགས་ཤོམ་མེདཔ་ལས་ གཡུས་ཁར་ཨའི་གཅིག་ལས་མེད་མི་ལུ་ ཆ་རོགས་འབད་དེ་ སྡོད་ནི་སྦེ་ སེམས་ཐག་བཅད་ནུག།
ན་གཞོན་ཚུ་ལུ་ ལཱ་གཡོག་འཐོབ་ནི་ལུ་ ལཱ་ཁག་ཡོད་པའི་ཁར་ གཡུས་ཁར་ཞིང་ལམ་བཏོན་ནི་གི་ འཆར་གཞི་ཡོདཔ་ལས་ ལོག་གཡུས་ཁར་འགྱོ་སྡོད་ནི་གི་ མནོ་བསམ་ཚུ་ ག་དེ་སྦེ་ར་ཡོད་ག་ཟེར་ དྲི་བའི་སྐབས་ ན་གཞོན་མང་ཤོས་ཀྱིས་ གཞུང་གི་སྲིད་བྱུས་དང་ འཆར་གཞི་ག་དེ་སྦེ་ཡོད་རུང་ གྲོང་གསེབ་ནང་ལས་ཕར་ གོང་འཕེལ་གྱི་ མཐུན་རྐྱེན་ཚུ་ བསྟར་སྤྱོད་འབད་ནི་མེདཔ་ལས་ ལཱ་གཡོག་ཆུང་ཀུ་ཅིག་ འཐོབ་པ་ཅིན་ དེ་ལུ་ར་ གདམ་ཁ་རྐྱབ་འོང་ཟེར་ བཤདཔ་ཨིན་པས།
ཕི་ལུ་མ་ལས་ སྐྱེས་ལོ་༤༠ ལང་མི་ ཆོས་སྐུ་དབང་ཕྱུག་གི་ བུམོ་༣ ཡོད་མི་ལས་༢ ཀྱིས་ དུས་ཅི་ སློབ་རིམ་༡༠ པ་དང་༡༢ པ་ མཇུག་བསྡུ་ནི་ཨིནམ་ལས་ ཁོང་གཉིས་ཡང་ གཡུས་ཁར་མ་སྡོད་པར་ ཁྲོམ་ཁར་འོང་སྡོད་ནི་གི་ རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།
གནས་ཚུལ་འདི་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལུ་ བསྡུ་བཀོད་འབད་ཡོདཔ་ཨིན།

ཕི་ལུ་མ་ལས་ བཀྲིས་བསྟན་འཛིན།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *