ན་གཞོན་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞི་བཞག་སྟེ་ དངོས་གསལ་གློག་བརྙན་བཟོ་ཡོདཔ།

༉ ད་རེས་ཀྱི་གནས་སྟངས་ནང་ མི་ཚུ་གིས་ སྡུག་བསྔལ་ཆུང་ཀུ་ཅིག་ཡང་ འབག་མ་ཚུགས་མི་ལུ་བརྟེན་ ཚེ་མ་རྫོགསཔ་ལས་ རང་སྲོག་བཅད་མི་དེ་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ རང་སྲོག་བཅད་མི་ཚུ་ བཀག་ཐབས་འབད་ནི་ལུ་ གཞི་བཞག་སྟེ་ དངོས་གསལ་གློག་བརྙན་ཅིག་ བཟོ་སྐྲུན་འབད་ནུག།
མོང་སྒར་རྫོང་ཁག་ ཤེས་རིག་སྡེ་ཚན་གྱིས་ བཟོ་སྐྲུན་འབད་མི་ སེར་ཁ་མེ་ཏོག་ཟེར་བའི་བརྗོད་དོན་ཐོག་ དངོས་གསལ་གློག་བརྙན་དེ་ བརྡ་བརྒྱུད་ཐོག་ལས་ མི་མང་ལུ་ གོ་བརྡ་སྤྲོད་ནི་ཨིནམ་ད་ གློག་བརྙན་དེ་ དུས་ཡུན་སྐར་མ་༣༥ དེ་ཅིག་ ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་ལས་ སྤྱི་ལོ་༢༠༡༦ ལུ་ དངོས་གསལ་གློག་བརྙན་དྲག་ཤོས་ཀྱི་ གསོལ་རས་ཐོབ་མི་ འཕྲིན་ལས་སྟོབས་རྒྱས་ཀྱིས་ དངོས་གསལ་གློག་བརྙན་གྱི་ སྲུང་བྲིས་བའི་ཁར་ བཀོད་ཁྱབ་ཡང་ འབད་ཡོདཔ་ཨིན་པས།
འཕྲིན་ལས་སྟོབས་རྒྱས་ཀྱིས་ བཀོད་ཁྱབ་འབད་མི་ ད་རེས་ཀྱི་ དངོས་གསལ་གློག་བརྙན་ནང་ སློབ་ཕྲུག་བུམོ་ ཤིང་ལེགས་ཀྱིས་ ཚར་ལེ་ཤ་ཅིག་ར་ རང་སྲོག་བཅད་ནི་ལུ་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་མ་ཚུགསཔ་ཅིག་གི་བར་ན་ ཆ་རོགས་འབད་མི་ཐོན་མི་ལུ་བརྟེན་ མི་ཚེ་གནས་སྟངས་ སོ་སོར་ཅིག་ལུ་ གྱུར་ཡོད་པའི་སྐོར་ལས་ཨིན་པས།
གློག་བརྙན་དང་འཁྲིལ་བ་ཅིན་ སློབ་ཕྲུག་བུམོ་ ཤིང་ལེགས་དེ་ དཔེ་ཆ་ལེགས་ཤོམ་ཤེས་མི་ཅིག་ཨིན་རུང་ ཨའི་གིས་ བདག་འཛིན་དང་ ལེགས་ཤོམ་འབད་མ་བཏུབ་མ་ཚད་ ལོ་ན་མ་སྨིན་ལས་ ཕོ་སྐྱེས་ཅིག་གིས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་ཤུལ་ལུ་ སེམས་ཁམས་ཀྱི་ནད་གཞི་ཐོབ་སྟེ་འདུག།
གནད་དོན་དེ་ལུ་བརྟེན་ མོ་གིས་ རང་སྲོག་གཅད་ནིའི་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་མ་ཚུགསཔ་ཅིག་གི་བར་ན་ སློབ་གྲྭའི་བདག་སྐྱོང་དང་ ཕམ་སྤུན་ཆ་ཚུ་གིས་ མོ་རའི་གནས་སྟངས་ཀྱི་སྐོར་ལས་ ཤེས་རྟོགས་བྱུང་པའི་ཤུལ་ལུ་ མོ་ལུ་རྒྱབ་སྐྱོར་དང་ བདག་འཛིན་འབད་མི་ལུ་བརྟེན་ གནས་སྟངས་ལེགས་ཤོམ་ཅིག་ལུ་ གྱུར་ནུག།
གློག་བརྙན་ནང་ འཁྲབ་རྩེདཔ་གཙོ་བོ་ཅིག་ཨིན་མི་ ཀརྨ་སྒྲོལ་མ་གིས་ སླབ་མིའི་ནང་ དངོས་གསལ་གློག་བརྙན་དེ་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞི་བཞག་སྟེ་ བཟོ་ཡོད་པའི་དམིགས་ཡུལ་དང་ རྒྱུ་མཚན་ཚུ་ སྟོན་ཏེ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གློག་བརྙན་ནང་ མོ་ར་འཁྲབ་རྩེདཔ་གཙོ་ཅན་སྦེ་ རྩེད་དེ་ཡོདཔ་ལས་ གློག་བརྙན་དེ་གིས་ མི་སྡེ་ནང་ བསྒྱུར་བ་འབག་འོང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་ དངོས་གསལ་གློག་བརྙན་བཟོ་ནི་དེ་ ཐེངས་༢ པ་ཨིན་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་སྡེ་ཚན་ལས་ ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ སླབ་མིའི་ནང་ དངོས་གསལ་གློག་བརྙན་བཟོ་སྐྲུན་འབད་དགོ་མི་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་གཏེར་དང་ གཞུང་གིས་ འཆར་གཞི་དང་ ལས་རིམ་ དེ་ལས་ ཕྱག་ལཱ་གནང་མི་གིས་ མ་དོ་བར་ རྫོང་ཁག་ཤེས་རིག་སྡེ་ཚན་གྱི་ཧོངས་ལས་ཡང་ རྒྱལ་ཁབ་ནང་ རང་སྲོག་བཅད་མི་ མར་ཕབ་འབད་ནིའི་དོན་ལུ་ གོ་བརྡ་སྤྲོད་ཐབས་ཀྱི་ གློག་བརྙན་བཟོ་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གློག་བརྙན་ནང་ འཁྲབ་རྩེདཔ་སྦེ་ རྩེད་མི་ཚུ་ཡང་ རང་སྲོག་གཅད་ནི་ལས་ སྲོག་སྐྱབས་འབད་མི་དང་ དཔའ་བཅམ་མི་ ཉམས་རྒུདཔ་ཚུ་ཨིནམ་ལས་ གློག་བརྙན་ཅིག་ བཟོ་སྐྲུན་འབད་ཚར་ནི་ལུ་ ལོ་ཕྱེད་དང་༢ འགོར་སོ་ཡི་ཟེར་ཨིན་པས།
ལྷག་པར་དུ་ གློག་བརྙན་དེ་ལུ་བརྟེན་ སྤྱིར་བཏང་མི་ཚུ་གིས་ རང་སྲོག་གཅད་ནིའི་ རྟགས་མཚན་དང་ ནད་རྟགས་ཚུ་ ཤེས་ཚུགས་ནི་དང་ རང་སྲོག་གཅད་ནི་ལས་ བཀག་ཐབས་འབད་ཐངས་ དེ་ལས་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་ཚུ་ལུ་ རྒྱབ་སྐྱོར་དང་ ཆ་རོགས་ཚུ་ འབད་ཐངས་ཀྱི་སྐོར་ལས་ ལམ་སྟོན་འབདཝ་ཨིན་ཟེར་ ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ སླབ་ཨིན་པས།
མོང་སྒར་རྫོང་ཁག་གི་ ཤེས་རིག་སྡེ་ཚན་གྱིས་ དངོས་གསལ་གློག་བརྙན་ ཐེངས་དང་པ་ བཟོ་སྐྲུན་འབད་མི་དེ་ འཕྲལ་ཁམས་ཅིག་ཁར་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *