ན་གཞོན་ཅིག་ལུ་ བང་བཙོང་ཐོག་ལས་ བརྡུང་རྫོབ་འབད་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༉ སྤྱི་ཟླ་༨ པའི་ཚེས་༤ ལས་ མི་སྡེ་བརྡ་བརྒྱུད་ནང་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་ཅིག་གིས་ ན་གཞོན་བུཚ་ཅིག་ལུ་ བང་བཙོང་ཐོག་ བརྡུང་རྫོབ་འབད་བའི་ གློག་བརྙན་ཐུང་ཀུ་ ཁྱབ་སྤེལ་སོང་པའི་ཤུལ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ནུག།
གློག་བརྙན་ཐུང་ཀུ་དེ་ནང་ དོགས་ཅན་དེ་གིས་ དབང་ཤུགས་ཐོག་ལས་ བུཚ་གཞན་ཅིག་ལུ་ དྲངས་ཡོདཔ་མ་ཚད་ ཁོ་རའི་ལྷམ་ལུ་ འུ་བཀལ་བཅུགཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ གནད་དོན་དེ་ འདས་པའི་ཟླཝ་ནང་ བར་སྦིས་ས་ ཝེ་ལེཇ་ཟ་ཁང་གི་ ཉེ་འདབས་ལུ་ རྐང་རྩེད་ཕུཊ་སཱལ་ རྩེད་ཐང་ནང་ བྱུང་ཡོདཔ་ཨིན་རུང་ གནད་དེའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ག་གིས་ཡང་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།
བང་བཙོང་པའི་ གནད་དོན་དེ་ཡང་ མི་སྡེ་བརྡ་བརྒྱུད་ཚུ་ལས་ ཤེས་རྟོགས་བྱུང་པའི་ཤུལ་ལས་ དོགས་ཅན་དེ་ དེ་འཕྲོ་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ན་ཆུང་དེ་ལུ་ གནད་དོན་ག་ཅི་ལུ་བརྟེན་ བང་བཙོང་དང་ སྡུག་སྦྱོང་འབད་ཡོདཔ་ཨིན་ན ཞིབ་དཔྱད་འབད་དོ་ཟེར་ བཤདཔ་ཨིན་པས།
སློབ་རིམ་༡༡ པ་ལས་ སློབ་གྲྭ་བཤོལ་བཞག་མི་ དོགས་ཅན་དེ་ ཐིམ་ཕུག་ཨོ་ལ་ཁ་ སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་ ཨའི་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༡༧ ལང་མི་ ཉམས་རྒུདཔ་བུཚ་དེ་ ལྷུན་རྩེ་ལས་ཨིནམ་ད་ ཁོ་ར་ཡང་ སློབ་རིམ་༩ པ་ལས་ སློབ་གྲྭ་བཤོལ་བཞག་སྟེ་ ཐིམ་ཕུག་ལུ་ སྡོད་དོ་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་ཅན་དེ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༥༨ དང་༤༦༢ པ་ལས་འགལ་བའི་ ཉེས་འཛུགས་ཕོག་ཟེར་ཨིན་པས།
དོན་ཚན་༡༥༨ པ་དང་འཁྲིལཝ་ད་ གལ་སྲིད་ བསམ་སྦྱོར་སྒོ་ལས་ རྩོད་ཟླ་ཞིག་གིས་ དྲག་ཤུགས་ཐོག་ལས་ མི་ངོམ་གཞན་ལུ་ ལགཔ་བཀལ་བ་ཅིན་ རྩོད་ཟླ་དེ་ འཐབ་འཛིང་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོ་ཟེར་བཀོད་ཡོདཔ་ད་ དོན་ཚན་༤༦༢ པའི་ནང་ གལ་སྲིད་ རྩོད་ཟླ་ཞིག་གིས་ མི་གཞན་ཅིག་ལུ་ དྲན་ཤེས་སམ་ ཚོར་སྣང་དྲག་པོའི་ སྡུག་བསྔལ་གྱིས་མནར་བའི་ བྱ་སྤྱོད་འཐབ་པའམ་གཏོགས་པ་ཅིན་ རྩོད་ཟླ་དེ་ བརྡབ་གསིག་གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་བརྩི་དགོཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *