༉ མ་གཞི་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ གལ་གནད་ཅན་སྦེ་ བརྩི་འཇོག་འབད་དོ་ཡོད་རུང་ ན་གཞོན་ཨ་ལོ་ཚུ་ སེམས་སྐྱོ་ནི་དང་ སློབ་གྲྭ་ནང་ལས་ཐོན་སྡོད་ནི་ དེ་ལས རང་སྲོག་བཅད་ནི་ཡོདཔ་ཨིན་པས།
དེའི་སྐོར་ལས་ ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལུ་སྦེ་ འབྲུག་གི་བསླབ་སྟོན་པའི་ གྲོས་བསྟུན་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ནོར་ཝེ་རྒྱལ་ཁབ་ལས་ བསླབ་སྟོན་པ་གོངམ་ ཌོག་ཊར་ གོ་རོ་ ཨོལམ་ རེ་པེསི་ཊོལ་གྱིས་ བསླབ་སྟོན་པ་ཚུ་ལུ་ གསལ་བཤད་འབད་ཡི།
མོ་གིས་འབད་བ་ཅིན་ གལ་སྲིད་ ན་གཞོན་ཚུ་གི་སེམས་ཁར་ ཞི་བདེ་མེད་པ་ཅིན་ རྒྱལ་ཁབ་འདི་ནང་ དགའ་སྐྱིད་འབྱུང་མི་ཚུགས་ཟེར་ཨིནམ་ད་ ན་གཞོན་ཚུ་ལུ་ ཞི་བདེ་འབྱུང་པ་ཅིན་ རྒྱལ་ཁབ་ནང་ དགའ་བ་ཚད་མེད་བྱུང་མི་དེ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ གི་འོག་ལུ་ སེམས་ཁམས་རིག་པའི་ དོན་ཚན་ཡོད་མི་དེ་ འགྲུབ་ཚུགས་ཟེར་ཨིན་པས།
ན་གཞོན་ཚུ་གི་ དཀའ་ངལ་ལུ་ སྒུག་མ་སྡོད་པར་ བསླབ་སྟོན་པའི་ འགན་འཁྲི་འབག་སྟེ་ རང་གིས་ར་ བལྟ་དགོཔ་དེ་ ཁག་ཆེ་ཟེར་ ཞལ་འཛོམས་ནང་འོང་མི་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ལས་ བསླབ་སྟོན་པ་༣༠ ལུ་ གསལ་བཤད་འབད་ཡི།
གོ་རོ་ ཨོལམ་ རེ་པེསི་ཊོལ་དེ་ ནོར་ཝེ་ལུ་ བསླབ་སྟོན་པའི་ ལག་ཁྱེར་འཆང་མི་དང་ བསམ་སྤྱོད་ལེགས་བཅོས་པ་ཨིནམ་ད་ མོ་གིས་ རྒྱལ་ཁབ་ནང་ སྤྱི་ལོ་༡༩༧༤ ལུ་ བཀྲིས་སྒང་མཁའ་གླིང་མུན་གསལ་གླིང་སློབ་གྲྭ་ནང་ ལོ་༦ གི་རིང་ལུ་ སློབ་དཔོན་སྦེ་ ལཱ་འབད་ཡོདཔ་བཞིན་དུ་ སློབ་གྲྭ་གཞི་བཙུགས་འབད་ནི་དང་ ཤར་ཕྱོགས་དང་ དབུས་ཕྱོགས་ཀྱི་ དབང་པོ་སྐྱོན་ཅན་ཚུ་ སློབ་གྲྭ་ནང་ བཙུགས་ནི་ལུ་ ཆ་རོགས་འབད་ཡོད་པའི་ཁར་ སློབ་གྲྭའི་རྩ་གཞུང་ཡང་ བརྩམས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བདེན་པ་ག་དེ་སྦེ་འོང་ག་ སླབ་མ་ཤེས་རུང་ རྒྱལ་ཁབ་ཀྱི་ མི་སེར་མང་ཤོས་ཅིག་གིས་ སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་དེ་ ཚེ་ཧེ་མའི་ ལས་རྒྱུ་འབྲས་དང་ གནོད་པའི་འབྱུང་པོ་མི་མ་ཡིན་པ་ཚུ་ལུ་བརྟེན་ ཐོབ་དོ་ཡོད་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་རུང་ གཙོ་བོ་ བསླབ་སྟོན་པའི་ འགན་འཁྲི་འབག་ཐོག་ལས་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་དེ་ གལ་ཆེ་ཟེར་ གོ་རོ་ ཨོལམ་ རེ་པེསི་ཊོལ་གྱིས་ བཤད་ཅི།
མོ་གིས་ སླབ་མའི་ནང་ སྤྱི་ལོ་༡༩༩༠ ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཐོབ་དབང་གི་ གན་ཡིག་གུ་ མཚན་རྟགས་བཀོད་མིའི་ནང་ ཨ་ལོའི་ཐོབ་དབང་ མེདཔ་གཏང་ནི་མི་འོང་ཟེར་ བཀོད་དེ་འདུག་ཟེར་ཨིན་པས།
ཌོག་ཊར་གྱིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ ཨ་ལོའི་ཕམ་ཚུ་གིས་ རང་ལུ་ཐོབ་དབང་ཡོད་ཟེར་ ཨ་ལོ་ཚུ་ དྲང་ནི་མི་འོང་ཟེར་ཨིནམ་ད་ གལ་སྲིད་ དྲང་པ་ཅིན་ གཞུང་གི་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཐོབ་དབང་གི་ གན་ཡིག་གུ་ མཚན་རྟགས་བཀོད་མི་ལས་ འགལ་ནི་ཨིནམ་ལས་ བསླབ་སྟོན་པ་ཚུ་གིས་ བསླབ་སྟོན་འབད་ཐོག་ལས་ ན་གཞོན་གྱི་ དཀའ་ངལ་ཚུ་ སེལ་ནི་ལུ་ ཆ་རོགས་འབད་དགོ་ཟེར་ཨིན་པས།
ན་གཞོན་ཚུ་གི་ དཀའ་ངལ་སེལ་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ འགྲུབ་ཐབས་ལུ་ སློབ་གྲྭ་ཁག་གི་ བསླབ་སྟོན་པ་ཚུ་ཡང་ གཞུང་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དེ་ལས་ ཤེས་རིག་ལྷན་ཁག་གི་ ལག་པར་ཨིན་ཟེར་ཨིན་པས།
ཨིན་རུང་ བསླབ་སྟོན་པ་ཚུ་གིས་ ཨ་ལོ་ཚུ་ལུ་ ཆ་རོགས་མ་འབད་བའི་ཧེ་མར་ ཁོང་གི་ དཀའ་ངལ་དེ་ ཤེས་ཞིནམ་ལས་རྐྱངམ་གཅིག་ གདོང་ལེན་འབད་དགོ་ཟེར་ཨིནམ་ད་ ན་གཞོན་ག་ར་གིས་ རང་སོའི་དཀའ་ངལ་ཚུ་ བཤད་བྱིན་ནི་མེད་རུང་ དཀའ་ངལ་དེ་ བཤོལ་མ་བཞག་པར་ སེལ་ཐབས་འབད་དགོ་ཟེར་ཨིན་པས།
ད་རེས་ནངས་པར་ ཨ་ལོ་ཚུ་གི་ དཀའ་ངལ་ཡང་ ཕམ་གི་དཀའ་ངལ་དང་ སློབ་གྲྭ་ མི་སྡེ་ སྒེར་དོན་གྱི་ གནད་དོན་ཚུ་ལུ་བརྟེན་ བྱུང་མི་དེ་གིས་ ན་གཞོན་ཚུ་གིས་ སེམས་ནད་དང་ སྨྱོ་རྫས་ལོག་སྤྱོད་ལ་སོགས་པ་ཚུ་ སྤྱོད་དོ་ཡོདཔ་ཨིན་པས།
བསླབ་སྟོན་པ་གོངམ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གི་ དཀའ་ངལ་དེ་ ཁོང་རང་གིས་ར་ སླབ་བཅུག་དགོཔ་ད་ བསླབ་སྟོན་པ་ཚུ་གིས་འབད་རུང་ ན་གཞོན་གྱི་དཀའ་ངལ་ཚུ་ གསང་བཞག་སྟེ་ ལེགས་བཅོས་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་ ཁག་ཆེ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ན་གཞོན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་དེ་ ཁག་ཆེཝ་ལས་ ཁོང་ལུ་ ཉེན་སྲུང་དང་ དོན་སྨིན་ཅན་གྱི་ མི་ཚེ་བཟོ་ཐབས་འབད་དགོ་ཟེར་ཨིན་པས།
ཞལ་འཛོམས་དེ་ འབྲུག་ངོ་སྦྱོར་བསླབ་སྟོན་པ་དང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་༢ ཀྱིས་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།