ན་གཞོན་༨ ལུ་ དང་བླངས་མེན་པའི་ རྟོག་མེད་གདོང་ཐུག་གི་ཉེས་འཛུགས།

༉ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ དགེ་ལེགས་ཕུག་དབུས་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ གསེར་གཞོང་ལས་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་ཅིག་ མགུ་ཏོ་ཁར་ རྨ་སྐྱོན་བྱུང་མི་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་ འབྲེལ་གནད་ནང་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ ན་གཞོན་༨ ལུ་ དང་བླངས་མེན་པའི་ རྟོག་མེད་གདོང་ཐུག་གི་ ཉེས་འཛུགས་འབད་ནུག།

དེ་ཡང་ བུཚ་༥ དང་བུམོ་༣ འབད་མི་ ན་གཞོན་སྡེ་ཚན་ཅིག་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ ཟླཝ་༡ གི་རིང་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ སྡེ་ཚན་ནང་ ལོ་ན་མ་སྨིན་མི་༢ ཡོདཔ་ཨིན་པས།

གནས་ཚུལ་དང་འཁྲིལཝ་ད་ སྡེ་ཚན་ནང་ལས་ ན་ཆུང་༡ སློབ་ཕྲུག་བུམོ་ཨིནམ་ད་ གཞན་ཚུ་ སློབ་རིམ་༡༠ པ་དང་༡༢ པ་ལས་ ཐོན་སྡོད་མི་ཚུ་ཨིན་པས།

སྡེ་ཚན་དེ་གིས་ ཉམས་རྒུདཔ་དེ་ སྡེ་ཚན་དེ་ནང་ཡོད་པའི་ ན་གཞོན་ཅིག་གི་ གནས་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་དོ་ཡོདཔ་ཤེས་ཏེ་ འཆར་གཞི་བརྩམས་ཐོག་ལས་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ སྐྱེས་ལོ་༢༡ ལང་མི་ལུ་ གནོདཔ་བཀལ་ནུག་ཟེར་ཨིནམ་ད་ ཚེ་འདས་དང་ གཉེན་རྐྱབ་མི་ ཨམ་སྲུའི་བར་ན་ ཧེ་མ་ དགའ་མཐུན་གྱི་ འབྲེལ་བ་ཡོདཔ་ཨིན་པས།

ཚེ་འདས་ཀྱི་ ཨའི་གིས་ སླབ་མིའི་ནང་ མོ་རའི་བུ་ལུ་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ སེམས་ཕམ་སི་སི་ཨིནམ་མ་ཚད་ དགེ་ལེགས་ཕུག་ལུ་ འདི་བཟུམ་རྐྱེན་ངན་འབྱུང་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་ཨིན་པས།

སྒྲིག་གཡོག་ནང་ཨིན་མི་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ཚུ་གིས་ ཉམས་རྒུདཔ་དེ་ འཇམ་དཔལ་གླིང་ལུ་ འཁོར་ལམ་གྱི་ཟུར་ཁར་ དྲན་མེད་བརྒྱལ་ཏེ་ཡོདཔ་མཐོངམ་ལས་ དགེ་ལེགས་ཕུག་གཙོ་བསྟེན་སྨན་ཁང་ནང་བསྐྱལ་བའི་ཤུལ་ལུ་ གློ་བུར་སྨན་བཅོས་སྡེ་ཕྲན་ནང་ བདུན་ཕྲག་༡ བཞག་ནུག།

རྐྱེན་ངན་བྱུང་པའི་ཤུལ་ལུ་ དགེ་ལེགས་ཕུག་ཁྲོམ་ཁར་ སྡོད་མི་ཚུ་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་ལུ་བལྟ་སྟེ་ ཚ་གྱང་ཐེབས་ལང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *