༉ འཆར་གཞི་༡༡ པའི་ནང་ གཞུང་གིས་ ལཱ་གཡོག་འཚོལ་མི་ཡོངས་ལུ་ ལཱ་གཡོག་སྤྲོད་ནི་གི་ ཁས་ལེན་འབད་མི་དེ་ འགྲུབ་ཐབས་ལུ་ ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༡༨ ལུ་ ན་གཞོན་༡༢༠ དེ་ཅིག་ལུ་ ཚོང་འབྲེལ་གསརཔ་ཚུ་ གཞི་བཙུགས་འབད་བྱིན་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༤ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་༢ ཀྱི་བར་ན་ གཞུང་སྐྱོང་མཆོག་འགྱུར་རམ་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ཡི།
དེ་བཟུམ་སྦེ་ ལྷན་ཁག་གིས་ ལཱ་གཡོག་གི་དོན་ལུ་ ན་གཞོན་༡,༥༠༠ ཐོ་བཀོད་འབད་དེ་ཡོད་མི་ཚུ་ ཕྱི་རྒྱལ་ལཱ་གཡོག་ནང་ གཏང་ནི་ཨིནམ་མ་ཚད་ ན་གཞོན་༢,༦༠༠ དེ་ཅིག་ ཐད་ཀར་ལཱ་གཡོག་ཟེར་ སྒེར་སྡེ་ཁག་དང་ ལས་འཛིན་ དེ་ལས་ གཞུང་དབང་ལས་འཛིན་ཚུ་ནང་ བཙུགས་ནི་ཨིན་པས།
ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ ལས་གཡོག་བློན་པོ་གིས་ བཤད་མིའི་ནང་ ན་གཞོན་གྱི་ ཚོང་འབྲེལ་གསརཔ་ཚུ་གིས་ ལཱ་གཡོག་མ་ཐོབ་མི་ ན་གཞོན་༢༤༠ དེ་ཅིག་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་མ་ཚད་ མི་ངོ་༩༣༠ ལུ་ རིག་རྩལ་གོང་འཕེལ་གཏང་ནིའི་ སྦྱོང་བརྡར་ཚུ་ བྱིན་ནི་ཟེར་ཨིན་པས།
ལག་ཤེས་དང་ སྦྱོང་བརྡར་དང་འབྲེལ་བའི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ འཕྲལ་མགྱོགས་ར་ དགེ་ལེགས་ཕུག་འཇིགས་མེད་གླིང་ གློག་མེ་སྦྱོང་བརྡར་སྤེལ་ཁང་དེ་ སྒོ་འབྱེད་འབད་ཐོག་ལས་ གློག་མེ་དང་འབྲེལ་བའི་ སྦྱོང་བརྡར་ཁག་༣ དེ་ཅིག་ གཞི་བཙུགས་འབད་ནི་ཨིན་པས།
དེ་ལས་ ལས་གཡོག་ལྷན་ཁག་གིས་ བཀྲིས་གཡང་རྩེ་ རིག་གནས་མཐོ་རིམ་སློབ་གྲྭ་གསརཔ་དེ་ ད་རེས་ཀྱི་ཟླཝ་ནང་ སྒོ་འབྱེད་འབད་དེ་ ལྷ་བྲིས་དང་ འཇིམ་བཟོ་ དེ་ལས་ པ་ཏྲའི་སྦྱོང་བརྡར་ཚུ་ གཞི་བཙུགས་འབད་ནི་དང་ རྒྱལ་ཡོངས་ལག་ཤེས་ཀྱི་ ཌིབ་ལོ་མའི་ རྩ་གཞུང་ཚུ་ཡང་ ལེགས་བསྒྱུར་འབད་ནི་ཨིན་པས།
ལས་གཡོག་བློན་པོ་གིས་འབད་བ་ཅིན་ སྒེར་སྡེ་ནང་ ལཱ་གི་གནས་སྟངས་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ ལྷན་ཁག་གིས་ ལཱ་གཡོག་བཅའ་ཡིག་༢༠༠༧ ཅན་མ་དེ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ སྤྱིར་བཏང་སྒེར་སྡེ་དང་ ལས་འཛིན་གྱི་ ལས་མི་བརྒྱ་ཆ་༦༥ དེ་ཅིག་གིས་ དགོངས་ཞུ་གསོལ་རས་ ཐོབ་ཐབས་དོན་ལུ་ ཐབས་ལམ་ཚུ་ བཏོན་ནི་ཟེར་ཨིན་པས།
དམིགས་ཡུལ་དེ་ཚུ་ འགྲུབ་ཐབས་ལུ་ ལས་གཡོག་ལྷན་ཁག་གིས་ རྩིས་ལོ་དེ་ནང་ དངུལ་ཀྲམ་ས་ཡ་༡,༠༣༨ བགོ་བཀྲམ་འབད་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༡༥༩.༠༥༥ གིས་ ཡར་སེང་འབད་ནུག།
བློན་པོ་ཉི་མ་སངས་རྒྱས་ཆེན་པོ་གིས་ བཤད་མིའི་ནང་ རྩིས་ལོ་༢༠༡༦-༡༧ ལུ་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ལྡན་བྱུང་ཡོདཔ་བཞིན་དུ་ ལོ་དེ་ནང་ ལས་གཡོག་ལྷན་ཁག་དང་ ལས་སྡེ་ཚུ་གིས་ ཕྱི་རྒྱལ་ལཱ་གཡོག་ནང་ ན་གཞོན་༡,༥༢༤ བཏང་ཐོག་ལས་ ད་ཚུན་གྱི་བར་ན་ མི་ངོ་༣,༩༦༢ ལུ་ ལཱ་གཡོག་བྱིན་ཏེ་ཡོད་ཨིན་པས།
དེ་བཟུམ་སྦེ་ ཐད་ཀར་ལཱ་གཡོག་ནང་ ན་གཞོན་༡,༦༠༥ ལུ་ ལཱ་གཡོག་བྱིན་ཡོདཔ་མ་ཚད་ ཚོང་འབྲེལ་གསརཔ་༡༢༣ གཞི་བཙུགས་འབད་མི་དེ་གིས་ ན་གཞོན་༤༡༩ ལུ་ ཁེ་ཕན་བྱུང་སྟེ་ཡོད་པའི་ཁར་ མི་ངོ་༢,༢༣༢ ལུ་ ལས་རིམ་ཁག་མ་འདྲཝ་ཚུ་ནང་ རིག་རྩལ་གོང་འཕེལ་གྱི་ སྦྱོང་བརྡར་ཚུ་བྱིན་ནུག།
ལས་གཡོག་བློན་པོ་གིས་འབད་བ་ཅིན་ ཞིང་རྨོ་འཕྲུལ་ལག་ལེན་པ་དང་ དེད་གཡོགཔ་ འཆམ་དང་ཞབས་ཁྲ་རྐྱབ་མི་ ནགས་ཚལ་འགོ་དཔོན་ སྙན་ཆ་བཟོ་མི་ལ་སོགས་པའི་ ལཱ་གཡོག་༡༠ དང་ ལྟ་བཤལ་པ་དང་ སྣུམ་འཁོར་བཅོ་མི་ རྡོ་བཟོ་དང་ཤིང་བཟོ་ཚུ་བརྩིས་ཏེ་ ལཱ་གཡོག་༩ གི་ རྒྱལ་ཡོངས་ལྕོགས་གྲུབ་གནས་ཚད་ཚུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
སྒེར་དང་ ལས་འཛིན་གྱི་ལས་བྱེདཔ་ བརྒྱ་ཆ་༦༠.༥༥ ལུ་ དགོངས་ཞུ་གསོལ་རས་ལམ་ལུགས་ཚུ་ བཟོ་བའི་ཁར་ ནང་འཁོད་ལས་གཡོག་པའི་བཅའ་ཁྲིམས་༨༤ བསྐྱར་ཞིབ་འབད་ཐོག་ལས་ འདས་པའི་རྩིས་ལོ་ནང་ ཆ་འཇོག་གྲུབ་སྟེ་ བཅའ་ཁྲིམས་ཀྱི་དོན་ཚན་༤༦༡ ལུ་ ཡར་སེང་འབད་ནུག།
ད་རུང་ རང་སོའི་ལས་འབྲེལ་ཚུ་དང་འཁྲིལ་ཏེ་ ལུང་ཕྱོགས་མདོ་ཆེན་དང་ ལས་གཡོག་དྲུང་ཆེན་གྱི་བར་ན་ཡང་ གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།